ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་དང་པོ།ཕུང་པོ་ལྔ་ལས་འདུ་བྱེད་ཀྱི་ཕུང་པོ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
འདུན་པ་ལ་སོགས་པའི་སེམས་བྱུང་ལྔ་པོ་འདི་ལ་ཡུལ་ངེས་ཞེས་བརྗོད་པའི་རྒྱུ་མཚན་ནི།སེམས་བྱུང་འདི་དག་གིས་ཡུལ་གྱི་ཁྱད་པར་རེ་བཟུང་ནས་འཛིན་པར་བྱེད་པས་ན་ཡུལ་སོ་སོར་ངེས་བ་ཞེས་བརྗོད་པ་ཡིན་ནོ།
ཀ༣དགེ་བ་བཅུ་གཅིག
དགེ་བ་བཅུ་གཅིག་ནི།དད་པ།ངོ་ཚ་ཤེས་པ།ཁྲེལ་ཡོད་པ།མ་ཆགས་པ།ཞེ་སྡང་མེད་པ།གཏི་མུག་མེད་པ།བརྩོན་འགྲུས།ཤིན་ཏུ་སྦྱངས་པ།བག་ཡོད་པ།བཏང་སྙོམས།རྣམ་པར་མི་འཚེ་བ་རྣམས་སོ།།
ཁ༡དད་པ།
དད་པའི་ངོ་བོ་ནི།མངོན་པ་ཀུན་བཏུས་ལས།དད་པ་གང་ཞེ་ན།ཡོད་པ་ཉིད་དང༌།ཡོན་ཏན་ཅན་དང༌།ནུས་པ་རྣམས་ལ་མངོན་པར་ཡིད་ཆེས་པ་དང༌།དང་བ་དང༌།འདོད་པ་སྟེ།འདུན་པའི་རྟེན་བྱེད་པའི་ལས་ཅན་ནོ།ཞེས་གསུངས་པ་ལྟར།ཡིད་ཆེས་དང༌།དང་བ་དང༌།འདོད་པ་གང་རུང་གི་རྣམ་པ་ཅན་མ་དད་པ་དངོས་ཀྱི་གཉེན་པོ་བྱེད་པའི་རིག་པ་ཞིག་གོ།རབ་བཤད་ལས་ཀྱང༌།དད་པ་གང་ཞེ་ན།ལས་དང་འབྲས་བུ་དང༌།བདེ་བ་དང༌།དཀོན་མཆོག་ལ་མངོན་པར་ཡིད་ཆེས་པའོ།།ཞེས་གསུངས་སོ།།
དེ་ལ་དབྱེ་ན་རྣམ་པ་གསུམ་སྟེ།དང་བའི་དད་པ།ཡིད་ཆེས་ཀྱི་དད་པ།མངོན་འདོད་ཀྱི་དད་པ་རྣམས་སོ།།དེ་ལ་རབ་བཤད་ལས།དད་པ་འདི་རྣམ་པ་གསུམ་དུ་འཇུག་སྟེ།ཡོད་པའི་དངོས་པོ་ལ་མངོན་པ་ཡིད་ཆེས་པའི་རྣམ་པར་འཇུག་པ་དང༌།ཡོན་ཏན་དང་ལྡན་པ་ལ་དང་བའི་སེམས་རྣམ་པར་འཇུག་པ་དང༌།ཡོན་ཏན་དང་ལྡན་ཞིང་ཡོད་པ་ཐོབ་པར་བྱ་བ་དང༌།སྐྱེད་པར་ནུས་པའི་དངོས་པོ་ལ་འདོད་པའི་རྣམ་པར་འཇུག་གོ།ཞེས་གསུངས་པ་ལྟར་རོ།།
ག༡དང་བའི་དད་པ།
དང་བའི་དད་པ་ནི།ཕུང་པོ་ལྔའི་རབ་བཤད་ལས།དཀོན་མཆོག་གསུམ་ནི་ཡོན་ཏན་དང་ལྡན་པ་ཞེས་བྱ་སྟེ།དེ་ལ་ཡང་ཡོན་ཏན་དང་ལྡན་པ་ཉིད་དུ་སེམས་དགའ་བ་ནི་ཡོན་ཏན་དང་ལྡན་པ་ལ་སེམས་དང་བར་འཇུག་པའི་རྣམ་པ་ཞེས་བྱའོ།།ཞེས་གསུངས་པ་ལྟར།དཀོན་མཆོག་གསུམ་སོགས་ཡོན་ཏན་ཅན་གྱི་ཡོན་ཏན་མཐོང་བས་སེམས་དང་བའོ།།འདི་ལ་དང་བ་ཞེས་བརྗོད་པ་ནི།དཔེར་ན་ཆུ་དྭངས་བྱེད་ཀྱི་ནོར་བུ་ཆུ་རྙོག་པ་ཅན་གྱི་ནང་དུ་བཅུག་ན་དེ་མ་ཐག་ཆུའི་རྙོག་པ་དྭངས་བར་འགྱུར་བ་བཞིན་དུ་དད་པ་འདི་རྒྱུད་ལ་སྐྱེས་ན་སེམས་ཀྱི་རྙོག་པ་དྭངས་ནས་རྟོགས་པའི་ཡོན་ཏན་ཐམས་ཅད་རྒྱུད་ལ་སྐྱེས་རུང་དུ་འགྱུར་བའོ།
ཡིད་ཆེས་ཤིང་དང་བ་ཞེས་སྨོས་པས་ཆོག་མོད་སེམས་ཞེས་བྱ་བའི་སྒྲ་སྨོས་ཇི་དགོས་ཞེ་ན།དངས་པ་ནི་གཟུགས་ཅན་གྱི་ཆོས་ཤེལ་དང་མེ་ལོང་ལ་སོགས་པ་ཡང་ཡོད་པས།སེམས་མ་སྨོས་ན་དེ་དག་ལ་དང་བ་ཡིན་ནོ་སྙམ་དུ་འཛིན་པ་འབྱུང་བའི་ཕྱིར་སེམས་དང་བ་ཞེས་སྨོས་ཏེ།མེ་ལོང་ལ་སོགས་པ་དེ་དག་ནི་གཟུགས་དང་བའི་རང་བཞིན་ཡིན་གྱིདད་པ་ནི་སེམས་དང་བའི་རང་བཞིན་ནོ།།
འདིའི་ལས་ནི་འདོད་པའི་རྟེན་བྱེད་པ་སྟེ།དད་པ་ཡོད་ན་འདོད་པ་སྐྱེ་བར་འགྱུར་བའི་ཕྱིར་རོ།
ག༢ཡིད་ཆེས་ཀྱི་དད་པ།
ཡིད་ཆེས་ཀྱི་དད་པ་ནི།ཕུང་པོ་ལྔའི་རབ་བཤད་ལས།ལས་དང་ལས་ཀྱི་འབྲས་བུ་དང་བདེན་པ་བཞི་ནི་ཡོད་པའི་དངོས་པོ་ཞེས་བྱ་སྟེ།ཡོད་པ་ལ་ཡོད་པ་ཉིད་དུ་ཡིད་ཆེས་པ་ནི་ཡོད་པའི་དངོས་པོ་ལ་མངོན་པར་ཡིད་ཆེས་པའི་རྣམ་པར་འཇུག་པའི་དངོས་པོ་ཞེས་བྱའོ།།ཞེས་གསུངས་པ་ལྟར།རྒྱལ་བས་གསུངས་པའི་རྟེན་འབྲེལ་ལས་དང་འབྲས་བུའི་ཚུལ་སོགས་ལ་བསམ་ནས་ཡིད་ཆེས་རྙེད་པའོ།།
ག༣མངོན་འདོད་ཀྱི་དད་པ།
མངོན་འདོད་ཀྱི་དད་པ་ནི།ཕུང་པོ་ལྔའི་རབ་བཤད་ལས།མྱ་ངན་ལས་འདས་པ་ནི་ཡོན་ཏན་དང་ལྡན་ཞིང་ཐོབ་པར་བྱ་ནུས་པ་ཡིན་ལ།དེའི་ལམ་ནི་བསྒྲུབ་པར་བྱ་ནུས་པ་ཡིན་ཏེ།དེ་བས་ཀྱང་མྱ་ངན་ལས་འདས་པ་ནི་ཇི་ལྟར་ཐོབ་པར་བྱ།ལམ་ཇི་ལྟར་བསྒྲུབ་པར་བྱ་ཞེས་འདོད་པ་སྐྱེས་པ་ནི་མངོན་པར་འདོད་པའི་དད་པ་ཞེས་བྱའོ།།ཞེས་གསུངས་པ་ལྟར།བདེན་པ་བཞིའི་ཚུལ་ལ་བསམས་ནས་སྡུག་ཀུན་གཉིས་སྤང་བྱ་དང༌།འགོག་ལམ་གཉིས་ཐོབ་བྱར་ངེས་ཤིང༌།ཚུལ་བཞིན་འབད་ན་ཐོབ་ནུས་པར་ཤེས་ནས་ངེས་པར་ཐོབ་པར་བྱའོ་སྙམ་པའི་དད་པ་ལྟ་བུའོ།།འདིར་དད་པ་གསུམ་གྱི་མཚན་གཞི་ཙམ་རེ་ངོས་ཟིན་པ་ཡིན་གྱི་མཐའ་དག་འདིར་ཟད་པ་ནི་མ་ཡིན་ནོ།
ད་ལྟ་འཇིག་རྟེན་ན་དགའ་བ་དང་དད་པ་གཉིས་གཅིག་ལྟ་བུར་སྨྲ་སྟེ།ཆང་ལ་དགའ་བ་ལ་ཆང་ལ་དད་པ་ཞེས་བརྗོད་མོད།དགའ་བ་དང་དད་པ་གཉིས་གཅིག་པ་མ་ཡིན་ཏེ།དད་པ་ནི་སེམས་བྱུང་དགེ་བའི་ངོ་བོ་ཡིན་ལ།དགའ་བ་ལ་ནི་དགེ་བ་དང་མི་དགེ་བའི་ཆ་གཉིས་ཀ་ཡོད་དོ།།དེ་ཡང་ཞིབ་ཏུ་བཤད་ན་མུ་བཞི་ཡོད་དེ།དགའ་བ་ཡིན་ལ་དད་པ་མ་ཡིན་པ་དང༌།དད་པ་ཡིན་ལ་དགའ་བ་མ་ཡིན་པ་དང༌།གཉིས་ཀ་ཡིན་པ་དང༌།གཉིས་ཀ་མ་ཡིན་པ་རྣམས་སོ།།དང་པོ་དགའ་བ་ཡིན་ལ་དད་པ་མ་ཡིན་པ་ནི།རང་གི་བུ་དང་ཆུང་མ་སོགས་ལ་དགའ་བ་དང༌།ཆང་སོགས་ཉེས་པའི་གནས་ལ་དགའ་བ་ལྟ་བུའོ།།གཉིས་པ་དད་པ་ཡིན་ལ་དགའ་བ་མ་ཡིན་པ་ནི།སྡུག་བསྔལ་འཁོར་བའི་ཉེས་དམིགས་ལ་གཏིང་ནས་འཇིགས་ཤིང་ཡིད་ཆེས་པའི་དད་པ་ལྟ་བུའོ།།དགའ་དད་གཉིས་ཀ་ཡིན་པ་ནི།དགེ་བའི་བཤེས་གཉེན་གྱི་ཡོན་ཏན་དང་དཀར་པོའི་ལས་འབྲས་ཀྱི་ཕན་ཡོན་བསམས་པས་གཏིང་ནས་ཡིད་ཆེས་ཤིང་དགའ་བའི་དད་པ་ལྟ་བུའོ།གཉིས་ཀ་མ་ཡིན་པ་ནི་ཁོང་ཁྲོ་དང་སྡུག་བསྔལ་སོགས་སོ།།
འོ་ན་དགའ་བ་དང་གུས་པ་གཉིས་གཅིག་གམ་མི་གཅིག་སྙམ་ན།དེ་ཡང་འཇིག་རྟེན་ན་གཅིག་པ་ལྟ་བུར་གླེང་མོད།དོན་ལ་གཅིག་པ་མ་ཡིན་ཏེ།དགེ་བའི་བཤེས་གཉེན་ལ་དགའ་བ་དད་པ་ཡིན་ལ།བཤེས་གཉེན་ལ་གུས་པ་ནི་དེའི་དྲིན་བསམས་ནས་ངོ་ཚ་ཤེས་ཤིང་གཅེས་སྤྲས་སུ་བྱེད་པ་ཡིན་པས་རྒྱུད་ལ་སྐྱེ་བ་ན་སེམས་བྱུང་སོ་སོ་ཡིན་ནོ།ཚུལ་འདི་དག་ནི་གཞུང་ཆེན་མོ་ནས་འབྱུང་བ་ལྟར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཞིབ་ཏུ་དཔྱད་དེ་བློ་ཁ་ནང་དུ་ལོག་ནས་རྒྱུད་ལ་སྐྱེ་ཚུལ་ཞིབ་དུ་བརྟགས་ན་ཤེས་པར་འགྱུར་གྱི། ཚིག་ཙམ་གྱིས་ཤེས་པར་ནུས་པ་མ་ཡིན་ནོ།།
འདིར་དད་པའི་བྱེད་ལས་ལ་འདུན་པའི་རྟེན་བྱེད་པའི་ལས་ཅན་ཞེས་གསུངས་པ་ནི།གོང་དུ་བཤད་པ་ལྟར་ཡོན་ཏན་ཐམས་ཅད་ཀྱི་རྒྱུ་བརྩོན་འགྲུས་དང༌།བརྩོན་འགྲུས་སྐྱེ་བ་ལ་དོན་གཉེར་གྱི་འདུན་པ་དགོས་ཤིང༌།འདུན་པ་སྐྱེ་བ་ལ་ཡོན་ཏན་མཐོང་ཞིང་ཡིད་ཆེས་པའི་དད་པ་དགོས་པས་དད་པ་ཡོན་ཏན་ཐམས་ཅད་ཀྱི་གཞིར་གསུང་རབ་དགོངས་འགྲེལ་དང་བཅས་པ་ནས་ལན་ཅིག་མིན་པར་བསྔགས་པ་ཡིན་ནོ།།དེ་ལྟར་ཡང་དཀོན་མཆོག་ཏ་ལ་ལའི་གཟུངས་ལས།དད་པ་སྔོན་འགྲོ་མ་ལྟར་སྐྱེད་པ་སྟེ།ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་བྱེད།།དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ།།དད་པ་བདེ་ལེགས་གྲོང་ཁྱེར་མཚོན་བྱེད་ཡིན།།དད་པ་རྙོག་པ་མེད་ཅིང་སེམས་དང་བྱེད།།ང་རྒྱ་ལ་སྤོང་ཞིང་གུས་པའི་རྩ་བ་ཡིན།།དད་པ་ནོར་དང་གཏེར་དང་རྐང་པའི་མཆོག།ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན།།ཞེས་དང༌།ཆོས་བཅུ་པ་ལས་ཀྱང༌།གང་གིས་འདྲེན་པ་ངེས་འབྱུང་ལ།།དད་པ་ཐེག་པ་མཆོག་ཡིན་ཏེ།།དེ་ཕྱིར་བློ་དང་ལྡན་པའི་མིས།།དད་པའི་རྗེས་སུ་འབྲང་བ་བསྟེན།མ་དད་པ་ཡི་མི་དག་ལ།།དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ།།ས་བོན་མེ་ཡིས་ཚིག་པ་ལ།།མྱུ་གུ་སྔོན་པོ་ཇི་བཞིན་ནོ།ཞེས་དཀར་ཆོས་ཐམས་ཅད་དད་པའི་རྗེས་སུ་འགྲོ་བར་གསུངས་ཤིང༌།བསླབ་བཏུས་ལས་ཀྱང༌།དད་པའི་རྩ་བ་བརྟན་བྱས་ལ།།ཞེས་དད་པ་ལམ་ཐམས་ཅད་ཀྱི་རྩ་བར་གསུངས་ཤིང༌།བདག་ཉིད་ཆེན་པོ་མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང་དད་པ་ལམ་ཐམས་ཅད་ཀྱི་གཞིར་ནན་ཏན་དུགསུངས་སོ།།
ཁ༢ངོ་ཚ་ཤེས་པ།
ངོ་ཚ་ཤེས་པ་ནི།མངོན་པ་ཀུན་བཏུས་ལས།ངོ་ཚ་ཤེས་པ་གང་ཞེ་ན།བདག་ཉིད་ལས་ཁ་ན་མ་
ཐོ་བ་ལ་འཛེམ་པ་སྟེ།ཉེས་པར་སྤྱོད་པ་ལེགས་པར་སྡོམ་པའི་རྟེན་བྱེད་པའི་ལས་ཅན་ནོ།།ཞེས་གསུངས་པ་ལྟར།རང་རྒྱུ་མཚན་དུ་བྱས་ནས་ཁ་ན་མ་ཐོ་བ་ལ་འཛེམ་པའོ།།
རབ་བཤད་ལས།ངེ་ཚ་ཤེས་པ་གང་ཞེ་ན།བདག་གམ་ཆོས་ཀྱི་དབང་དུ་བྱས་ཏེ།ཁ་ན་མ་ཐོ་བས་ངོ་ཚབ་སྟེ།འཕགས་པ་རྣམས་ཀྱིས་སྨད་པ་དང༌།སེམས་ཅན་དམྱལ་བ་ལ་སོགས་པར་འབྲས་བུ་
ཡིད་དུ་མི་འོང་བ་རྣམ་པར་སྨིན་པར་འགྱུར་བས་ན་སྲོག་གཅོད་པ་ལ་སོགས་པ་སྡིག་པའི་ལས་ལ་ཁ་ན་མ་ཐོ་བ་ཞེས་བྱའོ།ཡང་ན་མཁན་པོའམ།སློབ་དཔོན་ནམ་སྐྱེས་བུ་དམ་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་འོས་ཤིང་བརྗོད་དུ་མི་རུང་བའི་སྡུག་པའི་ལས་ལ་ཁ་ན་མ་ཐོ་བ་ཞེས་བྱའོ།།སྡིག་པའི་ལས་དེ་བྱས་ཀྱང་རུང་མ་
བྱས་ཀྱང་རུང་བདག་དམ་ཆོས་ཀྱི་དབང་དུ་བྱས་ནས་གང་སེམས་བག་འཁུམས་པར་གྱུར་བ་དེ་ནི་ངོ་ཚ་ཤེས་པ་ཞེས་བྱའོ།དེ་ལ་བདག་གི་དབང་དུ་བྱས་ཞེས་བྱ་བ་ནི་བདག་ལ་ལྟོས་པ་སྟེ།སྡིག་པའི་དངོས་པོ་དེ་ལ་འདི་ལྟར་དཔྱོད་དོ།།ལས་ངན་པ་འདི་ནི་འཕགས་པ་དང་སྐྱེས་བུ་དམ་པ་རྣམས་ཀྱིས་སྨད་པ་ཡིན་ལ་
བདག་ཀྱང་ཆོ་རིགས་འདི་ལྟ་བུ་ལས་བྱུང་བ་ཡིན་ལ།མཁས་ཤིང་ཤེས་པ་ཡིན་པས་འདི་བདག་གིས་བྱ་བའི་མི་རིགས་སོ་སྙམ་ནས་སྡིག་པའི་ལས་ལ་སེམས་བག་འཁུམས་པ་ནི་བདག་གི་དབང་དུ་བྱས་ནས་ཁ་ན་མ་ཐོ་བས་ངོ་ཚ་བའོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号