ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་དང་པོ།ཕུང་པོ་ལྔ་ལས་འདུ་བྱེད་ཀྱི་ཕུང་པོ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
ཁ༣དྲན་པ།
དྲན་པའི་ངོ་བོ་ནི།མངོན་པ་ཀུན་ལས་བཏུས་ལས།དྲན་པ་གང་ཞེ་ན།འདྲིས་པའི་དངོས་པོ་ལ་སེམས་ཀྱི་བརྗེད་པ་མེད་པ་སྟེ།རྣམ་པར་མི་གཡེང་བའི་ལས་ཅན་ནོ།ཞེས་གསུངས་པ་ལྟར།ཁྱད་ཆོས་གསུམ་ལྡན་གྱི་རིག་པ་ཞིག་གོ།ཁྱད་ཆོས་གསུམ་ནི།ཡུལ་གྱི་ཁྱད་པར་འདྲིས་པའི་དངོས་པོ།རྣམ་པའི་ཁྱད་པར་ཡུལ་དེ་ལ་དམིགས་ནས་བརྗེད་པ་མེད་པ།བྱེད་ལས་ཀྱི་ཁྱད་པར་རྣམ་པར་མི་གཡེང་བར་བྱེད་པའོ།།དེ་ཡང་སྔར་མ་འདྲིས་པ་ལ་དྲན་པ་མི་སྐྱེ་བས་ཡུལ་གྱི་ཁྱད་པར་ལ་འདྲེས་པའི་དངོས་པོ་ཞེས་གསུངས་སོ།སྔར་འདྲིས་ཀྱང་ད་ལྟ་བློ་ཡུལ་དུ་མ་ཤར་ན་དྲན་པར་མི་འགྱུར་བས་སེམས་ཀྱི་བརྗེད་པ་མེད་པ་ཞེས་གསུངས་སོ།།དྲན་པ་ཁྱད་པར་ཅན་ལ་བརྟེན་ནས་སེམས་གནས་གོང་འཕེལ་དུ་འགྱུར་བས་བྱེད་ལས་ཀྱི་ཁྱད་པར་ལ་མི་གཡེང་བའི་ལས་ཅན་ཞེས་གསུངས་སོ།།
ཕུང་པོ་ལྔའི་རབ་བཤད་ལས།དྲན་པ་གང་ཞེ་ན་འདྲིས་པའི་དངོས་པོ་མ་བརྗེད་པ་སེམས་ལ་གསལ་བ་སྟེ།དྲན་པ་ཡང་འདྲིས་པའི་དངོས་པོ་ལ་སེམས་མ་བརྗེད་པར་འབྱུང་གི་མ་འདྲིས་པའི་དངོས་པོ་ལ་སེམས་མ་བརྗེད་པ་མི་འབྱུང་བས་ཡུལ་ངེས་པར་བསྟན་ཏོ།།སྔོན་མཐོང་བ་དང་ཐོས་པ་ལ་སོགས་པའི་སྒོ་ནས་མྱོང་པར་བྱས་པའི་དངོས་པོ་ནི་འདྲིས་པའི་དངོས་པོ་ཞེས་བྱའོ།།མ་བརྗེད་པ་ནི་སྔོན་མྱོང་བའི་དངོས་པོ་སེམས་ལ་བཟུང་བ་དེ་མེད་པར་མ་གྱུར་ཅིང་བརྗེད་པ་དང་ཆུད་ཟ་བར་མ་གྱུར་པ་ནི་མ་བརྗེད་པ་ཞེས་བྱའོ།།མ་བརྗེད་པའི་དོན་ཉིད་གསལ་བར་བྱ་བའི་ཕྱིར།སེམས་ལ་གསལ་བའོ་ཞེས་བྱ་སྟེ།སྔོན་མྱོང་བའི་དངོས་པོ་དེ་ལ་ཡང་དང་ཡང་དུ་གོམས་པར་བྱས་པས་སྨྲ་ལ་རག་པ་བཞིན་དུ་གསལ་བར་དྲན་པའི་ཕྱིར་གསལ་བ་ཞེས་བྱ་སྟེ།མ་བརྗེད་པ་དང་གསལ་བ་གཉིས་དོན་ཐ་དད་པ་མ་ཡིན་ནོ།།དེའི་ལས་ནི་གཡེང་བ་མེད་པ་སྟེ།འདྲིས་པའི་དངོས་པོ་སེམས་ལ་གསལ་བར་གྱུར་ན།གཟུགས་ལ་དམིགས་པ་ལས་དམིགས་པ་གཞན་སྒྲ་ལ་དམིགས་པར་མི་འགྱུར་བ་དང༌།དཀར་པོའི་རྣམ་པ་ལ་དམིགས་པ་ལས་སྔོན་པོ་ལ་སོགས་པའི་རྣམ་པ་གཞན་ལ་སེམས་གཡེང་བར་མི་འགྱུར་བས་ན་གཡེང་བ་མེད་པའི་ལས་ཅན་ཞེས་བྱའོ།།ཞེས་གསུངས་པ་ལྟར་རོ།།
དྲན་པ་ཁྱད་ཆོས་གསུམ་ལྡན་གྱི་ཚུལ་འདི་ནི་ཤིན་ཏུ་གལ་ཆེ་བ་ཞིག་སྟེ།མགོན་པོ་ཀླུ་སྒྲུབ་ཀྱིས།དབང་ཕྱུག་ལུས་གཏོགས་དྲན་པ་བདེར་གཤེགས་ཀྱིས།བགྲོད་པ་གཅིག་པའི་ལམ་དུ་ཉེ་བར་བསྟན།།དེ་ནི་བསྒྲིམས་ནས་མངོན་པར་བསྲུང་བགྱི་སྟེ།།དྲན་པ་ཉམས་པས་ཆོས་ཀུན་འཇིགས་པར་འགྱུར།།ཞེས་དང༌།སྤྱོད་འཇུག་ལས།ཐོས་ལྡན་དད་པ་ཅན་དང་ནི།།བརྩོན་པ་ལྷུར་ལེན་དུ་མ་ཡང༌།།ཤེས་བཞིན་མེད་པའི་སྐྱོན་ཆགས་པས།།ལྟུང་བའི་རྙོག་དང་བཅས་པར་འགྱུར།ཤེས་བཞིན་མེད་པའི་ཆོམ་རྐུན་དག།དྲན་པ་ཉམས་པའི་རྗེས་འབྲང་བས།།བསོད་ནམས་དག་ནི་ཉེར་བསགས་ཀྱང༌།།རྐུན་པོས་ཕྲོགས་བཞིན་ངན་འགྲོར་འགྲོ།ཉོན་མོངས་ཆོམ་རྐུན་ཚོགས་འདི་ནི།།གླགས་སྐབས་འཚོལ་བར་བྱེད་པ་སྟེ།།གླགས་རྙེད་གྱུར་ནས་དགེ་འཕྲོག་ཅིང།བདེ་འགྲོའི་སྲོག་ཀྱང་འཇོམས་པར་བྱེད།།དེ་བས་དྲན་པ་ཡིད་སྒོ་ནས།།གུད་དུ་ནམ་ཡང་མི་གདང་ངོ༌།།སོང་ནའང་ངན་སོང་གནོད་པ་དག།དྲན་པར་བྱས་ཏེ་ཉེ་བར་བཞག།བླ་མ་དང་ནི་འགྲོགས་པ་ལས།།མཁན་པོས་རྗེས་སུ་བསྟན་པ་དང༌།།འཇིགས་པས་སྐལ་ལྡན་གུས་བྱེད་ལ།།དྲན་པ་བདེ་བླག་ཉིད་དུ་སྐྱེ།།ཞེས་གསུངས་པ་ལྟམས་ལམ་གྱི་ཡོན་ཏན་ཐམས་ཅད་གོང་འཕེལ་དུ་འགྱུར་བ་དྲན་ཤེས་གཉིས་ལ་རག་ལས་ཤིང༌།མདོ་སྔགས་ཀྱི་ཏིང་ངེ་འཛིན་གང་སྒྲུབ་ཐམས་ཅད་དྲན་པ་ཁྱད་པར་ཅན་འདིའི་མཐུ་ལས་སྒྲུབ་དགོས་པས་ཤིན་ཏུ་གལ་ཆེའོ།།དེ་ལྟར་ཡང་སྤྱོད་འཇུག་ལས།བདག་གི་རྙེད་དང་བཀུར་སྟི་དང༌།།ལུས་དང་འཚོ་བ་མེད་བླ་ཞིང༌།།དགེ་བ་གཞན་ཡང་ཉམས་བླ་ཡི།།སེམས་ནི་ནམ་ཡང་ཉམས་མི་བྱ།།སེམས་བསྲུང་འདོད་པ་རྣམས་ལ་ནི།།དྲན་པ་དང་ནི་ཤེས་བཞིན་དག།སྲོག་ལ་བབ་ཀྱང་སྲུངས་ཤིག་ཅེས།།བདག་ནི་དེ་ལྟར་ཐལ་མོ་སྦྱོར།ཞེས་གསུངས་པ་ལྟར་རོ།
ཁ༤ཏིང་ངེ་འཇིན།
ཏིང་ངེ་འཛིན་གྱི་ངོ་བོ་ནི།མངོན་པ་ཀུན་ལས་བཏུས་ལས།ཏིང་ངེ་འཛིན་གང་ཞེ་ན།བཏགས་པའི་དངོས་པོ་ལས་སེམས་རྩེ་གཅིག་པ་ཉིད་དེ།ཤེས་པའི་རྟེན་བྱེད་པའི་ལས་ཅན་ནོ།།ཞེས་གསུངས་པ་ལྟར།བཏགས་པའི་དངོས་པོ་ལ་དམིགས་ནས་རྒྱུན་ལྡན་དུ་འཇོག་པའི་སེམས་རྩེ་གཅིག་པའོ།།ཏིང་ངེ་འཛིན་གྱི་ཡུལ་གྱི་ཁྱད་པར་ལ་བཏགས་པའི་དངོས་པོ་ཞེས་གསུངས་པ་ནི།ཏིང་ངེ་འཛིན་སྒོམ་པའི་ཚེ་བློས་བཏགས་པའི་དམིགས་པ་ལ་སེམས་འཛིན་པ་ཡིན་པས་བཏགས་པ་ཞེས་གསུངས་སོ།།རབ་བཤད་ལས།ཏིང་ངེ་འཛིན་གང་ཞེ་ན།བརྟགས་པའི་དངོས་པོ་ལ་སེམས་རྩེ་གཅིག་པ་སྟེ།འདིར་ཏིང་ངེ་འཛིན་ཀྱང་བརྟགས་པའི་དངོས་པོ་ཉིད་ལ་སེམས་རྩེ་གཅིག་ཏུ་འགྱུར་གྱི་མ་བརྟགས་པའི་དངོས་པོ་ལ་སེམས་རྩེ་གཅིག་ཏུ་མི་འགྱུར་བས་ན་ཡུལ་ངེས་པར་བསྟན་ཏོ།།བརྟགས་པའི་དངོས་པོ་ཞེས་བྱ་བ་ནི་ཡོན་ཏན་གྱི་དངོས་པོ་དང་ཉེས་པའི་དངོས་པོ་གཉིས་ལ་བྱའོ།།དེའང་བདེན་པ་བཞི་ལས་འགོག་པ་དང་ལམ་གྱི་དངོས་པོ་ལ་ནི་ཡོན་ཏན་གྱི་དངོས་པོར་བརྟགས།སྡུག་བསྔལ་དང་ཀུན་འབྱུང་གི་དངོས་པོ་ལ་ནི་ཉེས་པའི་དངོས་པོར་བརྟགས་སོ།།དེ་ལ་འགོག་པ་དང་ལམ་ལ་ཡོན་ཏན་གྱི་དངོས་པོར་བརྟག་པ་ཡང་འགོག་པའི་བདེན་པ་ལ་ནི་ཞི་བ་དང་འགོག་པ་དང་གྱ་ནོམ་པ་དང་ངེས་པར་འབྱུང་བའི་ཚུལ་ལྟ་བུར་ཡོན་ཏན་དུ་བརྟག་པ་ལམ་གྱི་བདེན་པ་ལ་ཡང་ལམ་དང་རིགས་པ་དང༌།བསྒྲུབ་པར་བྱ་བ་དང་ངེས་པར་འབྱུང་བར་བྱེད་པའི་ཚུལ་ལྟ་བུར་ཡོན་ཏན་དུ་བརྟག་གོ།སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་ལ་ཉེས་པར་བརྟག་པ་ཡང་སྡུག་བསྔལ་གྱི་བདེན་པ་ལ་མི་རྟག་པ་དང་སྡུག་བསྔལ་བ་དང༌།སྟོང་པ་དང༌།བདག་མེད་པའི་ཚུལ་དུ་ཉེས་པས་བརྟག་གོ།ཀུན་འབྱུང་པའི་བདན་པ་ལ་ཡང་རྒྱུ་དང་ཀུན་འབྱུང་བ་དང་རྐྱེན་དང་རབ་ཏུ་འབྱུང་བའི་ཚུལ་ལྟ་བུར་ཉེས་པར་བརྟགས་པས་ན་བདེན་པ་བཞི་ལ་བརྟག་པའི་དངོས་པོ་ཞེས་བྱའོ།།རྩེ་གཅིག་ཅེས་བྱ་བ་ནི་དམིགས་པ་གཅིག་པར་བྱས་པ་སྟེ།བདེན་པ་བཞི་འབའ་ཞིག་ལ་དམིགས་ཀྱི་གཞན་དུ་སེམས་མ་གཡེངས་པ་ལ་སེམས་རྩེ་གཅིག་ཅེས་བྱའོ།།ཞེས་གསུངས་པ་ལྟར་རོ།།
དེ་ཡང་ཏིང་ངེ་འཛིན་གྱི་དམིགས་པ་ལ་རྣམ་གྲངས་མང་དུ་སྣང་ཡང་བསྡུ་ན་བཞིར་གསུངས་ཏེ།སྤྱོད་རྣམ་སྦྱོང་གི་དམིགས་པ།ཉོན་མོངས་རྣམ་སྦྱོང་གི་དམིགས་པ།ཁྱས་པའི་དམིགས་པ།མཁས་པའི་དམིགས་པའོ།།མཁས་པའི་དམིགས་པ་ལ་ཡང༌།ཕུང་པོ་ལ་དམིགས་པ།ཁམས་ལ་དམིགས་པ།སྐྱེ་མཆེད་ལ་དམིགས་པ།རྟེན་འབྲེལ་ལ་དམིགས་པ་སོགས་མཐའ་ཡས་པར་གསུངས་སོ།།
ཏིང་ངེ་འཛིན་དབང་ཤེས་ལ་སྐྱེ་བ་མ་ཡིན་གྱིཡིད་ཤེས་ཁོ་ན་ལ་སྐྱེ་བ་དང༌།དེའི་དམིགས་པ་ཡང་དབང་ཤེས་ལ་སྣང་བའི་གཟུགས་མ་ཡིན་གྱིབློས་བཏགས་ཡིད་ཡུལ་ཁོ་ན་ཡིན་ནོ།འོ་ན་ཏིང་ངེ་འཛིན་གྱི་ཡུལ་དེ་ལ་ངེས་པར་ཡུལ་ཡང་དག་པ་ཞིག་དགོས་སམ་སྙམ་ན།དེ་ནི་མ་ཡིན་ཏེ།ཡུལ་ཡང་དག་པ་དང་ཕྱིན་ཅི་ལོག་གང་ཡིན་ཡང་ནང་དུ་ཡིད་ལ་བྱེད་པ་ཡང་དང་ཡང་དུ་གོམས་པར་བྱས་ན་ཡུལ་དེ་ལ་གསལ་སྣང་དང་མི་རྟོག་པ་འབྱུང་སྟེ།རྣམ་འགྲེལ་ལས།དེ་ཕྱིར་ཡང་དག་ཡང་དག་མིན།།གང་གང་ཤིན་ཏུ་གོམས་གྱུར་པ།།གོམས་པ་ཡོངས་སུ་རྫོགས་པ་ན།དེ་གསལ་མི་རྟོག་བློ་འབྲས་ཅན།།ཞེས་གང་གསུངས་པ་ལྟརརོ།།འདིའི་ལས་ནི་ཤེས་རབ་ཀྱི་རྟེན་བྱེད་པ་སྟེ་སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཤེས་རབ་སྐྱེ་བའི་ཕྱིར་སྟེ།ནང་དུ་སེམས་མཉམ་པར་བཞག་པའི་ཞི་གནས་ལ་བརྟེན་ནས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་བྱས་པའི་མཐུས་ཇི་ལྟ་བ་དང་ཇི་སྙེད་པ་ལ་དམིགས་པའི་ལྷག་མཐོང་འགྲུབ་བོ།།དེ་ཡང་སྤྱོད་འཇུག་ལས།ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས།།ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས།།ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི།འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ།།ཅེས་དང༌།འདུལ་བ་ལུང་ལས་ཀྱང་ཚུལ་ཁྲིམས་ལ་བརྟེན་ནས་ཏིང་ངེ་འཛིན་དང་ཏིང་ངེ་འཛིན་ལ་བརྟེན་ནས་ཤེས་རབ་ཀྱི་བསླབ་པ་སྐྱེ་བའི་ཚུལ་ཡང་དང་ཡང་དུ་གསུངས་པ་ལྟར་རོ།
ཁ༥ཤེས་རབ།
ཤེས་རབ་ཀྱི་ངོ་བོ་ནི།མངོན་པ་ཀུན་བཏུས་ལས།ཤེས་རབ་གང་ཞེ་ན།བརྟག་པ་ཉིད་ཀྱི་དངོས་པོའི་ཆོས་རྣམས་ལ་རབ་ཏུ་རྣམ་པར་འབྱེད་པ་སྟེ།སོམ་ཉི་བཟློག་པའི་ལས་ཅན་ནོ།ཞེས་གསུངས་པ་ལྟར།བརྟག་པར་བྱ་བའི་དངོས་པོ་རྣམས་ཀྱི་སྐྱོན་དང་ཡོན་ཏན་སོ་སོར་རྣམ་པར་འབྱེད་པའི་རིག་པའོ།དེ་ཡང་ཕུང་པོ་ལྔའི་རབ་བཤད་ལས།ཤེས་རབ་གང་ཞེ་ན།དེ་དག་ཉིད་རང་བཞིན་དུ་འབྱེད་པ་སྟེ།དེ་དག་ཉིད་ཅེས་བྱ་བ་ནི་བརྟག་པར་བྱ་པའི་དངོས་པོ་བདེན་པ་བཞི་ཉིད་ལ་བྱའོ།།རབ་ཏུ་འབྱེད་ཅེས་བྱ་བ་ནི་མ་ནོར་བར་འབྱེད་ཅིང་ཤེས་པ་སྟེ།བདེན་པ་བཞི་པོ་དེ་དག་གི་རང་དང་སྤྱིའི་མཚན་ཉིད་མ་འདྲེས་ཀྱང་འདྲེས་པ་འདྲ་བར་གནས་པ་ལ་འདི་ནི་རང་གི་མཚན་ཉིད་འདི་ནི་སྤྱིའི་མཚན་ཉིད་དོ་ཞེས་ཕྱིན་ཅི་མ་ལོག་པར་ཤེས་པར་འགྱུར་བའམ།ཡང་དག་པའི་ཆོས་ལ་ཡང་དག་པ་ཉིད་དོ་ཞེས་ཤེས།ལོག་པའི་ཆོས་ལ་ལོག་པ་ཉིད་དོ་ཞེས་ཤེས་པ་ནི་ཤེས་རབ་ཅེས་བྱའོ།།ཇི་ལྟར་ཏིང་ངེ་འཛིན་གྱི་ཡུལ་བརྟག་པའི་དངོས་པོ་ཉིད་ཡིན་གྱི་གཞན་ལ་མ་ཡིན་པར་ཡུལ་ངེས་པ་དེ་བཞིན་དུ་ཤེས་རབ་ཀྱང་བརྟགས་པའི་ངོ་བོ་ཉིད་རབ་ཏུ་འབྱེད་ཀྱི་གཞན་མི་འབྱེད་པས་ན་ཡུལ་ངེས་པར་བསྟན་པ་ཡིན་ནོ།ཞེས་གསུངས་སོ།
ཤེས་རབ་ཀྱིས་བརྟག་པར་བྱ་བའི་ཡུལ་ནི།དགེ་བ་དང༌།མི་དགེ་བ་དང༌།ལུང་དུ་མ་བསྟན་པ་གསུམ་སྟེ།དེ་དག་གི་སྐྱོན་དང་ཡོན་ཏན་སོ་སོར་རྣམ་པར་འབྱེད་པར་བྱེད་པའོ།།སྐྱོན་ཡོན་སོ་སོར་འབྱེད་པའི་རིགས་པའི་ཚུལ་བཞི་ཡོད་དེ།བྱ་བ་བྱེད་པའི་རིགས་པ།ལྟོས་པའི་རིགས་པ།འཐད་པས་སྒྲུབ་པའི་རིགས་པ།ཆོས་ཉིད་ཀྱི་རིགས་པའོ།།རིགས་པ་བཞི་པོ་དེས་དཔྱད་ནས་ངེས་པ་རྙེད་པ་ན་ཐེ་ཚོམ་ཟློག་པར་འགྱུར་བས།འདིའི་བྱེད་ལས་ཀྱི་ཁྱད་པར་ལ་སོམ་ཉི་བཟློག་པའི་ལས་ཅན་ཞེས་གསུངས་སོ།།ཡང་རབ་བཤད་ལས།ཤེས་རབ་ལ་ཕྱེ་ན།རིགས་པའི་བསྐྱེད་པའི་ཤེས་རབ་དང༌།མི་རིགས་པས་བསྐྱེད་པའི་ཤེས་རབ་དང༌།རིགས་པས་བསྐྱེད་པ་ཡང་མ་ཡིན་མི་རིགས་པས་བསྐྱེད་པ་ཡང་མ་ཡིན་པའི་ཤེས་རབ་བོ།།དེ་ལ་མི་སླུ་བའི་ལུང་དང༌།རྗེས་སུ་དཔག་པའི་ཚད་མ་དང༌།མངོན་སུམ་གྱི་ཚད་མ་གསུམ་ལ་རིགསས་ཞེས་བྱ་སྟེ།རིགས་པ་དེ་གསུམ་མཉན་བསམས་བསྒོམས་པ་ལས་བྱུང་བའི་ཤེས་རབ་ནི་རིགས་པས་བསྐྱེད་པའི་ཤེས་རབ་ཅེས་བྱའོ།།ཉོན་མོངས་པ་ཀུན་སྤངས་པ་དང་སྡུག་བསྔལ་ཐམས་ཅད་སྤངས་པ་དང་དེས་བཤད་པའི་ཚིག་ལ་གོམས་པར་བྱས་ན།ཉོན་མོངས་པ་རྣམས་སྤོང་བར་བྱེད་པར་འགྱུར་བའི་སྐྱེས་བུའི་ཚིག་ནི་མི་སླུ་བའི་ལུང་ཞེས་བྱའོ།།རྗེས་སུ་དཔག་པ་ནི་ཡོད་པ་དང་ཕྱོགས་དང་མཐུན་པ་ན་ཡོད་པ་དང༌།ཕྱོགས་དང་མི་མཐུན་པ་ན་མེད་པ་ནི་རྗེས་སུ་དཔག་པར་བྱ་བའི་ཚད་མ་ཞེས་བྱའོ།དེ་ལ་རྗེས་སུ་དཔག་ན་ཡོད་པ་ནི་གང་ན་དུ་བ་འཐུལ་པར་སྣང་པ་དེ་ན་མེ་ཡོད་པར་དཔག་པའོ།།ཕྱོགས་དང་མཐུན་པ་དེ་ན་ཡོད་པ་ནི་གང་ན་དུ་བ་འཐུལ་བ་དེ་ན་མེ་ཡོད་པར་ཅི་མངོན་ཞེ་ན།དཔེར་ན་ཚང་མང་ཆེན་པོ་ན་དུ་བ་འཐུལ་བར་མཐོང་བས་དེ་ན་མེ་ཡོད་པར་སྣང་བའོ།།ཕྱོགས་དང་མི་མཐུན་པ་ན་མེད་པ་ནི་མེ་དང་ཆུར་མི་མཐུན་པ་སྟེ།དེ་བས་ན་གང་ན་མེ་ཡོད་པ་དེ་ན་དུ་བ་ཡོད་ཀྱི་གང་ན་ཆུ་ཡོད་པ་དེ་ན་དུ་བ་མི་འཐུལ་ལོ།།མངོན་སུམ་ནི་མིག་གི་དབང་པོས་བུམ་པ་མངོན་སུམ་དུ་མཐོང་བ་ལྟ་བུ་སྟེ།དེའང་རྣལ་འབྱོར་བའི་སེམས་དང་དབང་པོའི་རྣམ་པར་ཤེས་པ་རྣམས་དང༌།ཡིད་ཀྱི་རྣམ་པར་ཤེས་པ་དང༌།སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་དངོས་པོ་སོ་སོར་རང་གིས་རིག་པ་དང་བཞིའོ།མི་རིགས་པ་ཞེས་བྱ་བ་ནི་མི་སླུ་བ་མ་ཡིན་པའི་ལུང་དང་རྗེས་སུ་དཔག་པར་སྣང་བ་དང༌།ལོག་པར་བཤད་པའི་ཏིང་ངེ་འཛིན་ལ་མི་རིགས་པ་ཞེས་བྱ་སྟེ།དེ་གསུམ་མཉན་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་རབ་ནི་མི་རིགས་པ་བསྐྱེད་པའི་ཤེས་རབ་ཅེས་བྱའོ།།དེ་ལ་བརྫུན་གྱི་རྒྱུ་ཉོན་མོངས་པ་ཐམས་ཅད་མ་སྤངས་པ་དང་སྡུག་བསྔལ་ཐམས་ཅད་མ་སྤངས་པ་དང༌།དེའི་ཚིག་བསྒོམས་ན་ཡང་ཉོན་མོངས་པ་སྤོང་བར་མི་འགྱུར་བ་སྟེ།མུ་སྟེགས་གྲངས་ཅན་དང་བྱེ་བྲག་པ་ལ་སོགས་པའི་ཚིག་ནི་མི་སླུ་བ་མ་ཡིན་པའི་ལུང་ཞེས་བྱའོ།།རྗེས་སུ་དཔག་པར་སྣང་བ་ནི་རྗེས་སུ་དཔག་པ་དངོས་པོ་མ་ཡིན་གྱི་རྟགས་ཀྱིས་རྗེས་སུ་དཔག་པ་དང་ཚུལ་འདྲ་བ་སྟེ།དཔེར་ན་ཨ་མྲའི་ཤིང་གི་ཡལ་ག་འདི་ལ་འབྲས་བུ་གཅིག་སྨིན་པས་ན་ཐམས་ཅད་སྨིན་ཏོ་ཞེས་དཔོག་པ་ལྟ་བུའོ།ལོག་པར་བཤད་པའི་ཏིང་ངེ་འཛིན་ནི་བདག་མེད་པ་ལ་བདག་ཏུ་བཤད་པའི་ཆོས་ལ་སེམས་རྩེ་གཅིག་ཏུ་འཇོག་པའོ།། རིགས་པས་བསྐྱེད་པ་ཡང་མ་ཡིན་མི་རིགས་པས་བསྐྱེད་པ་ཡང་མ་ཡིན་པའི་ཤེས་རབ་ནི་གང་སྐྱེས་མ་ཐག་ཏུ་ཐོབ་པའི་ཤེས་རབ་དང༌།ཚེམ་དྲུབ་ལ་སོགས་པ་འཇིག་རྟེན་ན་བཟོ་སྣ་ཚོགས་ཤེས་པའི་ཤེས་རབ་བོ།།དེའི་ལས་ནི་ཐེ་ཚོམ་སེལ་བར་བྱེད་པ་སྟེ།ཤེས་རབ་ཀྱིས་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་རབ་ཏུ་ཕྱེ་ནས།ཕྱིན་ཅི་མ་ལོག་པར་ཤེས་པར་བྱས་ནས་དེ་ཡིན་ནམ་མ་ཡིན་སྙམ་པའི་ཐེ་ཚོམ་མེད་པར་འགྱུར་རོ།།ཞེས་གསུངས་སོ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号