ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་དང་པོ།ཕུང་པོ་ལྔ་ལས་འདུ་བྱེད་ཀྱི་ཕུང་པོ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
ཇི་ལྟར་ཆོས་ཀྱི་དབང་དུ་བྱས་ནས་ཁ་ན་མ་ཐོ་བས་ངོ་ཚ་བ་ཡིན་ཞེ་ན།སྡིག་པའི་དངོས་པོ་འདི་བྱས་ན་འཇིག་རྟེན་ཕ་རོལ་དུ་འབྲས་བུ་ཡིད་དུ་མི་འོང་བ་སྨིན་པར་འགྱུར་བར་གསུང་རབ་དང་ཆོས་ཀྱི་ལུགས་ལས་ཀྱང་འབྱུང་སྟེ།འདི་སྤྱད་ན་ཆོས་ཀྱི་ལུགས་དང་འགལ་བས་མི་རིགས་སོ་སྙམ་ནས་སེམས་བག་ལ་འཁུམས་པར་འགྱུར་བ་ནི་ཆོས་ཀྱི་དབང་དུ་བྱས་ནས་ཁ་ན་མ་ཐོ་བས་ངོ་ཚ་བའོ།།ཞེས་གསུངས་པ་ལྟར་རོ།
འདིའི་ལས་ནི་ལོག་པར་སྤྱོད་པ་ལས་སྡོམ་པའི་རྟེན་བྱེད་པ་སྟེ།ངོ་ཚ་ཤེས་པ་ཡོད་ན་སྡིག་པ་ལས་སྡོམ་ཞིང་སྡིག་པའི་ལས་མི་བྱེད་པའི་ཕྱིར་རོ།།
ཁ༣ཁྲེལ་ཡོད་པ།
ཁྲེལ་ཡོད་པ་ནི།མངོན་པ་ཀུན་བཏུས་ལས།ཁྲེལ་ཡོད་པ་གང་ཞེ་ན།གཞན་ལས་ཁ་ན་མ་ཐོ་བ་ལ་འཛེམ་པ་སྟེ།དེ་ཉིད་ཀྱི་ལས་ཅན་ནོ།ཞེས་གསུངས་པ་ལྟར།གཞན་རྒྱུ་མཚན་དུ་བྱས་ནས་ཉེས་སྤྱོད་ལ་འཛེམ་པའོ།།རབ་བཤད་ལས།ཁྲེལ་ཡོད་པ་གང་ཞེ་ན།འཇིག་རྟེན་གྱི་དབང་དུ་བྱས་ནས་ཁ་ན་མ་ཐོབས་ངོ་ཚ་བ་སྟེ།ལས་འདི་བྱས་ན་འཇིག་རྟེན་པས་སྨད་པ་དང༌།བརྡེག་པ་དང༌།བཅིང་བ་ལ་སོགས་པའི་བྱ་བ་བྱེད་ལ།བདག་གིས་ཀྱང་ལས་འདི་བྱས་ན་བདག་ལ་འདི་འཇིག་རྟེན་པ་རྣམས་སྨོད་པ་དང༌།བཅིང་བ་དང༌།བརྡེག་བ་ལ་སོགས་པ་བྱེད་དུ་འོང་ངོ་སྙམ་ནས།གང་སེམས་བག་འཁུམས་པ་ནི་འཇིག་རྟེན་གྱི་དབང་དུ་བྱས་ནས།ཁ་ན་མ་ཐོ་བས་ངོ་ཚ་བའོ།།འདིའི་ལས་ཀྱང་ལོག་པར་སྤྱོད་པ་ལ་སྡོམ་པའི་རྟེན་བྱེད་པ་སྟེ།ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པར་གྱུར་ན་སྡིག་པའི་ལས་མ་བྱས་ན་ནི་མི་བྱེད་ལ།བྱས་ན་ཡང་ཕྱིན་ཆད་ཀྱང་མི་བྱེད་པར་སྡོམ་པས་ན་ལོག་པར་སྤྱོད་པ་སྡོམ་པའི་རྟེན་བྱེད་པའོ།།ཞེས་གསུངས་པ་ལྟར་རོ།
ངོ་ཚ་དང་ཁྲེལ་ཡོད་གཉིས་ཀྱི་ཁྱད་པར་ནི་གཉིས་ཀ་ཉེས་སྤྱོད་ལ་འཛེམ་པར་འདྲ་ཡང༌།ངོ་ཚ་ནི་ཉེས་སྤྱོད་ལ་འཇུག་ཏུ་ཉེ་བ་ན་འདི་ནི་བདག་གི་བྱ་བའི་ཆ་མ་ཡིན་ནོ་སྙམ་ནས་འཛེམ་པ་དང༌།ཁྲེལ་ཡོད་ནི་ཉེསཔ་ལ་འཇུག་ཏུ་ཉེ་བ་ན་གཞན་གྱིས་སྨད་ན་མི་རུང་ངོ་སྙམ་ནས་གཞན་རྒྱུ་མཚན་དུ་བྱས་ཏེ་འཛེམ་པའོ།འདིའི་འཛེམ་ཡུལ་གྱི་གཙོ་བོ་ནི་བླ་མ་དང་སྟོན་པ་སོགས་ཐུགས་ཁྲེལ་གྱི་དོགས་ནས་འཛེམ་པའོ།།འདི་གཉིས་ཀྱི་བྱེད་ལས་ལ་ཉེས་སྤྱོད་ལེགས་པར་སྡོམ་པའི་རྟེན་བྱེད་པའི་ལས་ཅན་ནོ།ཞེས་གསུངས་པ་ནི།ལུས་ངག་ཡིད་གསུམ་གྱི་ཉེས་སྤྱོད་སྡོམ་པ་ལ་ངོ་ཚ་དང་ཁྲེལ་ཡོད་གཉིས་ངེས་པར་དགོས་པའི་དོན་ཏེ།ངོ་ཚ་དང་ཁྲེལ་ཡོད་གཉིས་མེད་ན་ཉེས་སྤྱོད་གང་ཡང་སྡོམ་མི་ནུས་ཏེ་རང་གི་ངོས་ནས་རྣམ་སྨིན་ལ་འཇིགས་པ་དང་བླ་མ་དང་སྟོན་པ་སོགས་ཐུགས་ཁྲེལ་གྱི་དོགས་པ་མེད་ན་ཉེས་སྤྱོད་འགོག་པའི་ཐབས་མེད་པས་སོ།
ཁ༤མ་ཆགས་པ།
མ་ཆགས་པ་ནི།མངོན་པ་ཀུན་བཏུས་ལས།མ་ཆགས་པ་གང་ཞེ་ན།སྲིད་པ་དང་སྲིད་པའི་ཡོ་བྱེད་རྣམས་ལ་ཆགས་པ་མེད་པ་སྟེ།ཉེས་པར་སྤྱོད་པ་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ།ཞེས་གསུངས་པ་ལྟར།ཡིད་འབྱུང་ཞིང་ཆགས་པ་མེད་པའི་རིག་པའོ།།རབ་བཤད་ལས།མ་ཆགས་པའི་དོན་ནི་རྣམ་པ་གསུམ་དུ་འཇུག་སྟེ།མེད་པ་དང་གཞན་དང་གཉེན་པོ་རྣམས་སོ།།མེད་པ་ནི་དཔེར་ན་གྲགས་པ་མེད་པ་ཙམ་ལ་མ་གྲགས་ཞེས་བྱ་བ་བཞིན་དུ་ཆགས་པ་མེད་པ་ཙམ་ལ་མ་ཆགས་པ་ཞེས་བྱའོ།།དོན་གཞན་དུ་འཇུག་པ་ནི་འདི་ལྟར་ཆགས་པ་ལས་གཞན་པ་ནི་ཞེ་སྡང་སྟེ།ཞེ་སྡང་བ་ཡང་མ་ཆགས་པ་ཞེས་བྱའོ།།གཉེན་པོའི་དོན་དུ་འཇུག་པ་ནི་གཉེན་པོར་གྱུར་པ་ལ་མ་ཆགས་པ་ཞེས་བྱ་སྟེ།འདིར་ནི་གཉེན་པོའི་དོན་དུ་འགྱུར་བར་རིག་པར་བྱའོ།།དེ་བས་ན་མ་ཆགས་པ་གང་ཞེ་ན།ཆགས་པའི་གཉེན་པོ་སྟེ།སྐྱོ་ཞིང་མི་ལེན་པའོ།ཆགས་པ་སྔར་བཤད་ན།མ་ཆགས་པ་ཁོང་དུ་ཆུད་སླ་བར་འགྱུར་བས་ན།ཆགས་པ་བཤད་པར་བྱའོ།།དེ་ལ་སྲིད་པ་དང་སྲིད་པའི་ལོངས་སྤྱོད་ལ་ཞེན་པ་ནི་ཆགས་པའོ།།སྲིད་པ་ཞེས་བྱ་བ་ནི་འཁོར་བའི་ཕུང་པོ་ལྔ་ལ་བྱའོ།།སྲིད་པའི་ལོངས་སྤྱོད་ནི་བཟའ་བ་དང་བཏུང་བ་ལ་སོགས་པ་ལ་བྱའོ།།མ་ཆགས་པ་ནི་སྲིད་པ་དང༌།སྲིད་པའི་ལོངས་སྤྱོད་ལ་ཞེན་པ་མེད་པའོ།།དཔེར་ན་མེའི་གཉེན་པོ་ཆུ་ཡིན་པས་ཆུ་བྱུང་ན་མེ་མེད་པར་འགྱུར་བ་དང༌།མུན་པའི་གཉེན་པོ་སྣང་བ་ཡིན་པས་སྣང་བ་བྱུང་ན་མུན་པ་མེད་པར་འགྱུར་བ་བཞིན་དུ་མ་ཆགས་པ་བྱུང་ན་ཆགས་པ་མེད་པར་འགྱུར་བས་ཆགས་པའི་གཉེན་པོ་ཞེས་བྱའོ།།སྐྱོ་ཞིང་མི་ལེན་པ་ནི།སྲིད་པ་དང་སྲིད་པའི་ལོངས་སྤྱོད་ཀྱི་སྐྱོན་སྐྱེ་བ་དང་རྒ་བའི་ཆོས་ཅན་ཡིན་པར་རིག་ནས་དེ་ལ་ཡིད་འབྱུང་བ་ནི་སྐྱོ་བ་ཞེས་བྱའོ།།དེ་ལྟར་ཡིད་བྱུང་བར་གྱུར་ནས་སྲིད་པ་དང་སྲིད་པའི་ལོངས་སྤྱོད་མི་སྡུད་ཅིང་དེ་དང་བྲལ་བར་འདོད་ཀྱི་ཕྲད་པར་འདོད་པ་མི་འབྱུང་ཞིང་ཆགས་པ་དང་ཞེན་པ་མེད་པ་ནི་མི་ལེན་པ་ཞེས་བྱའོ།།འདིའི་ལས་ཀྱང་ལོག་པར་སྤྱོད་པ་ལ་མི་འཇུག་པའི་རྟེན་བྱེད་པ་སྟེ།སྲིད་པ་དང་སྲིད་པའི་ལོངས་སྤྱོད་ལ་མ་ཆགས་ན་དེའི་དོན་དུ་སྡིག་པའི་ལས་མི་བྱེད་པའི་ཕྱིར་རོ།།ཞེས་གསུངས་པ་ལྟར་རོ།།
ཁ༥ཞེ་སྡང་མེད་པ།
ཞེ་སྡང་མེད་པ་ནི།མངོན་པ་ཀུན་བཏུས་ལས།ཞེ་སྡང་མེད་པ་གང་ཞེ་ན།སེམས་ཅན་རྣམས་དང༌།སྡུག་བསྔལ་དང༌།སྡུག་བསྔལ་གྱི་གནས་ཀྱི་ཆོས་རྣམས་ལ་ཀུན་ནས་མནར་སེམས་པ་མེད་པ་སྟེ།ཉེས་པར་སྤྱོད་པ་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ།ཞེས་གསུངས་པ་ལྟར།ཞེ་སྡང་སྐྱེ་བའི་ཡུལ་གསུམ་གང་རུང་ལ་དམིགས་ནས་ཞེ་སྡང་སྐྱེ་བ་བཅོམ་ཞིང༌།ཀུན་ནས་མནར་སེམས་མེད་པའི་རིག་པའོ།།ཕུང་པོ་ལྔའི་རབ་བཤད་ལས།ཞེ་མི་སྡང་བ་གང་ཞེ་ན།ཞེ་སྡང་གི་གཉེན་པོ་སྟེ་བྱམས་པའོ།།ཞེ་སྡང་སྔར་བཤད་ན་ཞེ་མི་སྡང་བ་ཁོང་དུ་ཆུད་སླ་བས་ཞེ་སྡང་དེ་བཤད་པར་བྱའོ།།དེ་ལ་སེམས་ཅན་དང་སྡུག་བསྔལ་གྱི་གནས་ལ་གནོད་པར་སེམས་པ་ནི་ཞེ་སྡང་ངོ།།སེམས་ཅན་ནི་དགྲ་ལ་སོགས་པའོ།།སྡུག་བསྔལ་གྱི་གནས་ནི་མཚོན་ཆ་དང༌།དུག་དང༌།ཚེར་མ་ལ་སོགས་པའོ།།གནོད་པར་སེམས་པ་ནི་གསད་པར་བྱ་བར་སེམས་པའོ།།ཞེ་མི་སྡང་བ་ནི་སེམས་ཅན་དང་སྡུག་བསྔལ་གྱི་གནས་ལ་གནོད་པར་མི་སེམས་པ་སྟེ།སྣང་བ་བྱུང་ན་མུན་པ་མེད་པར་འགྱུར་བ་བཞིན་དུ་ཞེ་མི་སྡང་བ་བྱུང་ན་ཞེ་སྡང་མེད་པར་འགྱུར་བས་ན།ཞེ་སྡང་གི་གཉེན་པོ་ཞེས་བྱའོ།།དེའང་དངོས་སུ་བྱམས་པ་ལ་བྱ་སྟེ།སེམས་ཅན་ལ་ཕན་འདོགས་པའི་རྣམ་པར་ཞུགས་པའི་བྱམས་པ་ལ་ཞེ་མི་སྡང་བ་ཞེས་བྱའོ།།ཡང་ན་ཞེ་མི་སྡང་བ་ཡང་ཞེ་སྡང་གི་གཉེན་པོ་ཡིན་ལ།ཞེ་སྡང་གི་གཉེན་པོ་ནི་གཞན་ཡང་ཡོད་པར་བསྟན་པའི་ཕྱིར་བྱམས་པ་སྨོས་ཏེ།སེམས་ཅན་དང་སྡུག་བསྔལ་གྱི་གནས་ལ་གནོད་པར་མི་སེམས་པའི་ཞེ་མི་སྡང་བ་ཡང་ཞེ་སྡང་གི་གཉེན་པོ་ཡིན་ལ།སེམས་ཅན་ལ་ཕན་འདོགས་པའི་རྣམ་པར་ཞུགས་པའི་བྱམས་པ་ཡང་ཞེ་སྡང་གི་གཉེན་པོ་ཡིན་ནོ།འདིའི་ལས་ཀྱང་ངན་པར་སྤྱོད་ལ་མི་འཇུག་པའི་རྟེན་བྱེད་པ་སྟེ།ཞེ་མི་སྡང་བ་ཡོད་ན་སྲོག་གཅོད་པ་ལ་སོགས་པ་སྡིག་པའི་ལས་ལ་མི་འཇུག་པའི་ཕྱིར་རོ།།
ཁ༦གཏི་མུག་མེད་པ།
གཏི་མུག་མེད་པ་ནི།མངོན་པ་ཀུན་བཏུས་ལས།གཏི་མུག་མེད་པ་གང་ཞེ་ན།རྣམ་པར་སྨིན་པ་ལས་སམ།ལུང་ལས་སམ།བསམ་པ་ལས་སམ།རྟོགས་པ་ལས་ཤེས་ཤིང་སོ་སོར་བརྟགས་པ་སྟེ།ཉེས་པར་སྤྱོད་་པ་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ།ཞེས་གསུངས་པ་ལྟར།སྐྱེས་ཐོབ་དང་སྦྱོར་བྱུང་གང་རུང་གི་རྒྱུ་ལས་གཏི་མུག་གི་གཉེན་པོ་བྱེད་ནུས་པའི་སོ་སོར་རྟོག་པའི་ཤེས་རབ་བོ།སེམས་བྱུང་འདི་གསུམ་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་རྩ་བ།ཉེས་སྤྱོད་ཐམས་ཅད་འགོག་པའི་ཐབས།ལམ་ཐམས་ཅད་ཀྱི་ཡང་སྙིང་པོ་ལྟ་བུ་ཡིན་ཏེ།ས་ལམ་ཐམས་ཅད་དུག་གསུམ་བག་ཆགས་དང་བཅས་པ་སྤོང་བའི་ཆེད་དུ་ཡིན་ཞིང༌།ཉེས་སྤྱོད་ཐམས་ཅད་རྒྱུ་དུག་གསུམ་གང་རུང་རེ་ལས་ངེས་པར་འབྱུང་བས་འདིའི་བྱེད་ལས་ནི་ཉེས་སྤྱོད་ལེགས་པར་སྡོམ་པའི་རྟེན་བྱེད་པའི་ལས་ཅན་ཡིན་ནོ།ཕུང་པོ་ལྔའི་རབ་བཤད་ལས།གཏི་མི་མུག་པ་གང་ཞེ་ན།གཏི་མུག་གི་གཉེན་པོ་སྟེ།གཏི་མུག་སྔར་བཤད་ན།གཏི་མི་མུག་པ་བརྡ་ཕྲད་པར་སླ་བརའགྱུར་བའི་ཕྱིར་གཏི་མུག་དེ་བཤད་པར་བྱའོ།དེ་ལ་བདེན་པ་བཞི་དང༌།རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ལ་སོགས་པ་མི་ཤེས་པ་ནི་གཏི་མུག་ཅེས་བྱའོ།།བདེན་པ་བཞི་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ལ་སོགས་པ་ཤེས་པ་ནི་གཏི་མི་མུག་པ་སྟེ།སྣང་བ་བྱུང་ན་མུན་པ་མེད་པར་འགྲོ་བ་བཞིན་དུ་གཏི་མི་མུག་པ་སྐྱེས་ན་གཏི་མུག་མེད་པར་འགྲོ་བས་གཏི་མུག་གི་གཉེན་པོ་ཞེས་བྱའོ།དགེ་བའི་ཆོས་ཐམས་ཅད་ཀྱང་གཏི་མུག་གི་གཉེན་པོ་ཡིན་པས་དགེ་བའི་ཆོས་ཀུན་ལ་གཏི་མི་མུག་པ་ཡིན་ནོ་སྙམ་དུ་འཛིན་པ་དགག་པའི་ཕྱིར།ཡང་དག་པ་ལ་ཡང་དག་པར་རྟོགས་པའོ་ཞེས་བྱ་བ་སྨོས་ཏེ།ཡང་དག་པ་ནི་འཕགས་པའི་བདེན་པ་བཞི་ལ་སོགས་པའི་རང་དང་སྤྱིའི་མཚན་ཉིད་ལ་བྱའོ།ཡང་དག་པར་རྟོག་པ་ནི་བདེན་པ་བཞིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་རྟོག་པ་སྟེ།དགེ་བའི་ཆོས་ཀུན་གཏི་མུག་གི་གཉེན་པོ་ཡིན་མོད་ཀྱི་དེ་དག་ལ་གཏི་མི་མུག་ཞེས་མི་བྱ་ཡི།གང་བདེན་པ་བཞི་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཤེས་རབ་ལ་གཏི་མུག་གི་གཉེན་པོ་ཞེས་བྱའོ།།དེ་ཡང་རྣམ་པ་གཉིས་ཏེ།ཡེ་ཤེས་དང་སོ་སོར་རྟོག་པའོ།།དེ་ལ་ཡེ་ཤེས་ཡང་རྣམ་པ་བཞི་སྟེ།རྣམ་པར་སྨིན་པ་དང༌།རྟོགས་པ་དང༌།བསམས་པ་དང༌།ཆུད་པའོ།།དེ་ལ་གང་སྐྱེས་མ་ཐག་ཏུ་ཐོབ་པའི་ཤེས་རབ་ནི་རྣམ་པར་སྨིན་པའི་ཡེ་ཤེས་ཞེས་བྱའོ།།གང་ཐོས་པ་ལས་བྱུང་བའི་ཤེས་རབ་ནི་རྟོགས་པའི་ཡེ་ཤེས་ཞེས་བྱའོ།བསམས་པ་ལས་བྱུང་བའི་ཤེས་རབ་ནི་བསམས་པའི་ཡེ་ཤེས་ཞེས་བྱའོ།།བསྒོམས་པ་ལས་བྱུང་བའི་ཤེས་རབ་ནི་ཆུད་པའི་ཡེ་ཤེས་ཞེས་བྱའོ།།སོ་སོར་རྟོག་པ་བརྩོན་འགྲུས་དང་ལྡན་པའི་ཤེས་རབ་བམ།ཏིང་ངེ་འཛིན་དང་ལྡན་པའི་ཤེས་རབ་ལ་བྱ་སྟེ།དེའི་མཐུས་ཉོན་མོངས་པའི་ས་བོན་རྩ་ནས་མ་བཏོན་མ་བཅོམ་དུ་ཟིན་ཀྱང་ཉོན་མོངས་བ་རྣམས་སྐྱེ་བའི་སྐབས་མི་འབྱེད་པ་ནི་སོ་སོར་རྟོག་པ་ཞེས་བྱའོ།།དོན་དུ་ན་འཕགས་པའི་བདེན་པ་བཞི་རང་དང་སྤྱིའི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཡེ་ཤེས་བཞི་དང༌།སོ་སོར་རྟོག་པའི་བདག་ཉིད་ཀྱི་ཤེས་རབ་ལ་གཏི་མི་མུག་པ་ཞེས་གདགས་སོ།།ཤེས་རབ་ལ་གཏི་མི་མུག་པ་ཞེས་བྱ་ན།ཤེས་རབ་ནི་ལྔ་ཡུལ་སོ་སོར་ངེས་པའི་སྐབས་སུ་བཤད་ཟིན་པས།ད་ཡང་བཟླས་ཏེ་བཤད་ཅི་དགོས་ཤེ་ན།དེར་ནི་ཤེས་རབ་ཀྱི་མཚན་ཉིད་སྤྱིར་བཤད་པ་དང༌།ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པའི་ཤེས་རབ་དེ་དགེ་བ་ཞིག་ཡིན་ནམ་མི་དགེ་བ་ཞིག་ཡིན་ནམ།ལུང་དུ་མ་བསྟན་པ་ཞིག་ཡིན་པ་དམིགས་ཀྱིས་ཕྱེ་སྟེ་མ་བསྟན་ཏོ།།ད་འདིར་ནི་ཆོས་ཀྱི་མཚན་ཉིད་ལ་མཁས་པའི་ཤེས་རབ་དེ་དགེ་བའི་ནང་དུ་གཏོགས་པར་བསྟན་པའི་ཕྱིར་གཏི་མི་མུག་པའི་སྒྲར་བཏགས་ནས་དགེ་བ་བཅུ་གཅིག་གི་ནང་དུ་བཤད་གོ།དེའི་ལས་ཀྱང་ཉེས་པར་སྤྱོད་པ་ལ་མི་འཇུག་པའི་རྟེན་བྱེད་པ་སྟེ།གཏི་མི་མུག་པའི་གང་ཟག་རྣམས་ནི་སྲོག་གཅོད་པ་ལ་སོགས་པའི་ལས་ལ་མི་འཇུག་པའི་ཕྱིར་རོ།ཞེས་གསུངས་སོ།།
འདི་དག་གི་གསལ་བའི་དབྱེ་བ་མཐའ་ཡས་ཏེ།རྒྱས་པར་བྱས་ནས་ལམ་ཐམས་ཅད་འདིར་འདུ་བས་སོ།།དེ་ཡང་མ་ཆགས་པ་ལ་ཚེ་འདི་ལ་མ་ཆགས་པར་ཚེ་འདི་ལས་བློ་ལོག་སྟེ་ཕྱི་མ་དོན་དུ་གཉེར་བ་སྐྱེས་བུ་ཆུང་ངུའི་བསམ་པ་དང༌།སྲིད་པའི་ཕུན་ཚོགས་མཐའ་དག་ལ་མ་ཆགས་པར་ཞེན་པ་གཏིང་ནས་ལོག་པ་སྐྱེས་བུ་འབྲིང་གི་བསམ་པ་དང༌།སྲིད་ཞི་མཉམ་ཉིད་ཆེན་པོའི་བསམ་པ་སྟེ།འདི་ལྟར་དུ་བཤད་ན་གསུང་རབ་ཐམས་ཅད་འདིར་འཆད་དགོས་པར་འགྱུར་བས་ག་ལ་ནུས།རྣམ་དཔྱོད་ཅན་རྣམས་ལ་སྒོ་ཙམ་ཞིག་བསྟན་པ་ཡིན་ནོ།དེ་བཞིན་དུ་ཞེ་སྡང་མེད་པ་དང༌།གཏི་མུག་མེད་པ་ལ་ཡང་དེ་དང་འདྲའོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号