ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་དང་པོ།ཕུང་པོ་ལྔ་ལས་འདུ་བྱེད་ཀྱི་ཕུང་པོ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
ལུས་ལས་སུ་རུང་བ་ནི་རེག་བྱའི་ཁྱད་པར་ཡིན་ཏེ།རེག་བྱའི་ཁྱད་པར་ནི་ཡང་ན་འབྱུང་བ་ཆེན་པོ་བཞིའི་རང་བཞིན་ཡིན།ཡང་ན་རྒྱུར་བྱས་པའི་གཟུགས་ཀྱི་རང་བཞིན་ཡིན་ལ།འདིར་ནི་སེམས་ལས་བྱུང་བ་ཤིན་ཏུ་སྦྱངས་པ་བཤད་པའི་སྐབས་ཡིན་ན།ལུས་ཀྱི་རེག་བྱའི་ཁྱད་པར་ལ་ཇི་ལྟར་ན་ཤིན་ཏུ་སྦྱངས་པ་ཞེས་བྱ་ཞེ་ན།ལུས་ཀྱི་རེག་བྱ་ལུས་ལས་སུ་རུང་བ་དེ་སེམས་ལས་སུ་རུང་བ་མ་ཡིན་དུ་ཟིན་ཀྱང་ལུས་ལས་སུ་རུང་བ་དེས་རྒྱུ་བྱས་ནས་སེམས་ལས་སུ་རུང་བ་སྐྱེད་པས་ན།རྒྱུ་ལུས་ལ་སེམས་ཤིན་ཏུ་སྦྱངས་པའི་མིང་བཏགས་ནས་ལུས་ལ་ཤིན་ཏུ་སྦྱངས་པ་ཞེས་བཤད་དོ།།
ཁ༩བག་ཡོད།
བག་ཡོད་ནི།མངོན་པ་ཀུན་བཏུས་ལས།བག་ཡོད་པ་གང་ཞེ་ན།མ་ཆགས་པ་དང༌།ཞེ་སྡང་མེད་པ་དང༌།གཏི་མུག་མེད་པ་བརྩོན་འགྲུས་དང་བཅས་པ་ལ་གནས་ནས་གང་དགེ་བའི་ཆོས་རྣམས་སྒོམ་པ་དང༌།ཟག་པ་དང་བཅས་བའི་ཆོས་རྣམས་ལས་སེམས་སྲུང་བ་སྟེ།འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང༌།ཡོངས་སུ་སྒྲུབ་པའི་ལས་ཅན་ནོ།ཞེས་གསུངས་པ་ལྟར།ཉོན་མོངས་པའི་དབང་དུ་མ་སོང་བར་བརྩོན་འགྲུས་ལ་གནས་ནས་དགེ་བ་སྒྲུབ་ཅིང་ཟག་བཅས་ལས་སེམས་སྲུང་བའི་བློའོ།།འདི་ལ་རབ་བཤད་ལས།བག་ཡོད་པ་གང་ཞེ་ན།བག་མེད་པའི་གཉེན་པོ་སྟེ།འདིར་ཡང་བག་མེད་པ་སྔར་བསྟན་ན་བག་ཡོད་པ་བརྡ་ཕྲད་པར་སླ་བར་འགྱུར་བས་བག་མེད་པ་ཇི་བསྟན་ཏོ།།འདོད་ཆགས་དང་ཞེ་སྡང་དང༌།གཏི་མུག་དང༌།ལེ་ལོ་ལ་བརྟེན་ཏེ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ལ་སེམས་འཇུག་པ་མི་སྲུང་ཞིང༌།དེའི་གཉེན་པོ་དད་པ་ལ་སོགས་པ་དགེ་བའི་ཆོས་རྣམས་མི་སྒོམ་པ་ནི་བག་མེད་པ་ཞེས་བྱའོ།།ཉོན་མོངས་པ་ལ་སེམས་འཇུག་པ་སྲུང་བར་བྱེད་ཅིང་དེའི་གཉེན་པོ་དད་པ་ལ་སོགས་པ་དགེ་བའི་ཆོས་རྣམས་སྒོམ་པ་ནི་བག་ཡོད་པ་ཞེས་བྱ་སྟེ།བག་ཡོད་པ་སྐྱེས་ན་བག་མེད་པར་མི་འགྱུར་བའི་ཕྱིར་བག་ཡོད་པ་ནི་བག་མེད་པའི་གཉེན་པོར་བཤད་དོ།།
བག་ཡོད་པའི་གཞི་དང༌།རྒྱུ་དང༌།དེའི་རང་བཞིན་གང་ཞེ་ན།མ་ཆགས་པ་ནས་བརྩོན་འགྲུས་ཀྱི་བར་དུ་དེ་དག་ལ་གནས་ཏེ་མི་དགེ་བའི་ཆོས་སྤོང་ཞིང་དེའི་གཉེན་པོ་དགེ་བའི་ཆོས་རྣམས་སྒོམ་པ་སྟེ།མ་ཆགས་པ་ནས་བརྩོན་འགྲུས་ཀྱི་བར་དུ་ཞེས་བྱ་བ་ནི་མ་ཆགས་པ་དང༌།ཞེ་མི་སྡང་བ་དང༌།གཏི་མི་མུག་པ་དང༌།བརྩོན་འགྲུས་དང་བཞིའོ།དེ་དག་ལ་གནས་ཏེ་ཞེས་བྱ་བ་ནི་ཆོས་གོང་མ་བཞི་ལ་བརྟེན་ནས་ཞེས་བྱ་བའི་དོན་ཏེ།མ་ཆགས་པ་དང༌།ཞེ་མི་སྡང་བ་དང༌།གཏི་མི་མུག་པ་གསུམ་ནི་བག་ཡོད་པའི་རྒྱུའོ།།བརྩོན་འགྲུས་ནི་བག་ཡོད་པའི་གཞིའོ།མི་དགེ་བའི་ཆོས་སྤོང་བ་ཞེས་བྱ་བ་ལ།མི་དགེ་བའི་ཆོས་རྣམ་པ་གཉིས་ཏེ།ཟག་པ་དང་བཅས་བའི་ཆོས་དང༌།ཟག་པའི་གནས་ཀྱི་ཡུལ་ལོ།།དེ་ལ་ཟག་པ་དང་བཅས་པའི་ཆོས་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་བའི་ཆོས་རྣམས་སོ།།ཟག་པའི་གནས་ཀྱི་ཡུལ་ནི་གཟུགས་དང༌།སྒྲ་དང༌།དྲི་དང༌།རོལ་སོགས་པའོ།།ཟག་པ་དང་བཅས་པའི་ཆོས་རྣམས་རྣམ་པར་སེལ་བ་དང༌།རྣམ་པར་འཇོམས་པ་དང་ས་བོན་ཡང་དག་པར་འདོན་པར་བྱེད་པ་ནི་མི་དགེ་བའི་ཆོས་སྤོང་བ་ཞེས་བྱའོ།།ཟག་པའི་གནས་ཀྱི་ཡུལ་རྣམས་ཀྱང་མི་བསྙེན་པར་ཐག་བསྲིངས་ཏེ་བཏང་བ་ནི་སྤོང་བའོ།དེའི་གཉེན་པོ་དགེ་བའི་ཆོས་རྣམས་བསྒོམ་པ་ཞེས་བྱ་བ་ལ་ནི་དེའི་སྒྲ་མི་དགེ་བའི་ཆོས་དང་སྦྱར་ཏེ།མི་དགེ་བའི་ཆོས་དེ་དག་གི་གཉེན་པོ་ཞེས་བྱ་བའི་དོན་ཏོ།།མི་དགེ་བའི་ཆོས་ཀྱི་གཉེན་པོ་ཡང་དགེ་བ་སྟེ།དེའང་ཟག་པ་དང་བཅས་པའི་དགེ་བ་དང༌།ཟག་པ་མེད་པའི་དགེ་བ་སྟེ་རྣམ་པ་གཉིས་སོ།།དེ་ལ་དད་པ་དང༌།སྦྱིན་པ་དང༌།ཚུལ་ཁྲིམས་ལ་སོགས་པ་ནི་ཟག་པ་དང་བཅས་པའི་དགེ་བའོ།འཕགས་པའི་ལམ་ཡན་ལག་བརྒྱད་ནི་ཟག་པ་མེད་པའི་དགེ་བའོ།བསྒོམ་པ་ཞེས་བྱ་བ་ནི་ཆོས་དེ་དག་ལ་འདྲིས་པར་བྱེད།ཡང་ནས་ཡང་དུ་ཆོས་དེ་དག་མངོན་སུམ་དུ་བྱེད་པ་སྟེ།མི་དགེ་བའི་ཆོས་སྤོང་ཞིང་དགེ་བའི་ཆོས་ལ་གོམས་པར་བྱེད་པ་ནི་བག་ཡོད་པའི་རང་བཞིན་ནོ།།ཞེས་གསུངས་པ་ལྟར་རོ།
འདིའི་བྱེད་ལས་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ་པའི་རྟེན་བྱེད་པར་གསུངས་པས་ན་ས་ལམ་ཐམས་ཅད་ཀྱི་རྩ་བར་ཤིན་ཏུ་གལ་ཆེ་བ་ཡིན་ནོ།དེ་ལྟར་ཡང་ཕུང་པོ་ལྔའི་རབ་བཤད་ལས།དེའི་ལས་ཀྱང་འཇིག་རྟེན་དང༌།འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའོ།།དེ་ལ་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་ནི་ལྷ་དང་མིར་སྐྱེས་པ་དང༌།ལོངས་སྤྱོད་ཕུན་སུམ་ཚོགས་པའོ།།འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ནི།ཉན་ཐོས་ཀྱི་བྱང་ཆུབ་དང༌།རང་སངས་རྒྱས་ཀྱི་བྱང་ཆུབ་དང༌།བླ་ན་མེད་པའི་བྱང་ཆུབ་འཐོབ་པའོ།ཞེས་དང༌།མགོན་པོ་ཀླུ་སྒྲུབ་ཀྱིས།བག་ཡོད་བདུད་རྩིའི་གནས་ཏེ་བག་མེད་པ།འཆི་བའི་གནས་སུ་ཐུབ་པས་བཀའ་ལྩལཏེ།དེ་བས་ཁྱོད་ཀྱིས་དགེ་ཆོས་སྤེལ་སླད་དུ།།གུས་པས་རྟག་ཏུ་བག་དང་བཅས་པར་མཛོད།།ཅེས་གསུངས་པ་ལྟར་རོ།།
ཁ༡༠བཏང་སྙོམས།
བཏང་སྙོམས་ནི།མངོན་པ་ཀུན་བཏུས་ལས།བཏང་སྙོམས་གང་ཞེ་ན།མ་ཆགས་པ་དང༌།ཞེ་སྡང་མེད་པ་དང༌།གཏི་མུག་མེད་པ་བརྩོན་འགྲུས་དང་བཅས་པ་ལ་གནས་ནས་ཀུན་ནས་ཉོན་མོངས་པ་ཅན་དུ་གནས་པ་དང་མི་མཐུན་པ།སེམས་མཉམ་པ་ཉིད་དང༌།སེམས་རྣལ་དུ་འདུག་པ་ཉིད་དང༌།སེམས་ལྷུན་གྱིས་གྲུབ་པར་གནས་པ་ཉིད་དེ།ཀུན་ནས་ཉོན་མོངས་པའི་སྐབས་མི་འབྱེད་པའི་ལས་ཅན་ནོ།ཞེས་དང༌།ཕུང་པོ་ལྔའི་རབ་བཤད་ལས།བཏང་སྙོམས་གང་ཞེ་ན།དེ་ལ་བཏང་སྙོམས་རྣམ་པ་གསུམ་སྟེ།ཚོར་བ་བཏང་སྙོམས་དང༌།ཚད་མེད་པའི་བཏང་སྙོམས་དང་འདུ་བྱེད་ཀྱི་བཏང་སྙོམས་སོ།།ཚོར་བ་རྣམ་པ་གསུམ་ལས་ཚོར་བ་བདེ་བ་ཡང་མ་ཡིན།སྡུག་བསྔལ་ཡང་མ་ཡིན་པ་ནི་ཚོར་བ་བཏང་སྙོམས་ཞེས་བྱའོ།།བྱམས་པ་དང༌།སྙིང་རྗེ་དང༌།དགའ་བ་དང༌།བཏང་སྙོམས་ཞེས་སྨོས་པའི་མཇུག་གི་བཏང་སྙོམས་ནི་ཚད་མེད་པའི་བཏང་སྙོམས་ཏེ།དེའང་གང་ལའང་ཆགས་པ་མེད་པ་སུ་ལ་ཡང་ཞེ་སྡང་པ་མེད་པའི་མཚན་ཉིད་དོ།།རྣལ་འབྱོར་ཡིད་ལ་བྱེད་པ་ན་ཞུམ་རྒོད་གཉིས་སྤངས་ན་སེམས་ལྷུན་གྱིས་གྲུབ་པར་འཇུག་པ་ནི་འདུ་བྱེད་བཏང་སྙོམས་ཞེས་བྱ་སྟེ།འདིར་ནི་འདུ་བྱེད་བཏང་སྙོམས་བཤད་པར་རིག་སྟེ།བཏང་སྙོམས་ཀྱི་རྒྱུ་དང་གཞི་ནི་མ་ཆགས་པ་དང༌།ཞེ་མི་སྡང་བ་དང༌།གཏི་མི་མུག་པ་དང༌།བརྩོན་འགྲུས་ཡིན་ཏེ།ཆོས་དེ་བཞི་ལ་བརྟེན་ནས་བཏང་སྙོམས་འབྱུང་ངོ༌།།ཞེས་གསུངས་པ་ལྟར།ནང་དུ་སེམས་དམིགས་པ་ལ་རྩེ་གཅིག་ཏུ་འཇོག་པའི་ཐབས་རྣམས་ལ་བརྟེན་ནས་སེམས་གནས་དགུ་རིམ་གྱིས་བསྒྲུབསཏེ།སེམས་གནས་དགུ་པ་ཐོབ་པའི་ཚེ་བྱིང་རྒོད་ཀྱི་གཉེན་པོ་བསྟེན་པའི་རྩོལ་བ་བྱ་མི་དགོས་པར་སེམས་ལྷུན་གྱིས་གྲུབ་པར་གནས་པ་ཐོབ་པའོ།།
འདིའི་བྱེད་ལས་ལ་ཀུན་ནས་ཉོན་མོངས་པའི་སྐབས་མི་འབྱེད་པའི་ལས་ཅན་ཞེས་གསུངས་པ་ནི།སེམས་གནས་དགུ་པ་ཐོབ་ན་འདོད་པའི་ཉོན་མོངས་མངོན་གྱུར་རྣམས་ཟློག་པར་སླ་ཞིང་ཁྱད་པར་མཉམ་གཞག་གི་དུས་བྱིང་རྒོད་མི་འབྱུང་བའི་དོན་ནོ།དེ་ལ་རབ་བཤད་ལས།བཏང་སྙོམས་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ཚོགས་ལ་འགལ་བ་ཡིན་པས།བཏང་སྙོམས་སྐྱེས་པར་གྱུར་ན་གདོན་མི་ཟ་པར་ཉོན་མོངས་པ་རྣམས་སྐྱེ་བའི་བགེགས་བྱེད་པར་འཇུགབཏང་སྙོམས་ལ་གནས་པའི་དུས་ན།ཉོན་མོངས་པ་རྣམས་འབྱུང་བའི་སྐབས་མེད་པས་བཏང་སྙོམས་ལ་གནས་པ་ནི་ཉོན་མོངས་པ་མེད་པར་གནས་པ་ཡིན་ནོ།།དེ་ལྟར་བཏང་སྙོམས་ཀྱིས་ཉོན་མོངས་པ་སེལ་བར་བྱེད་པ་དང༌།ཉོན་མོངས་པ་མེད་པར་གནས་ཤིང་སྤྱོད་པ་ཡིན་པས་ན།བཏང་སྙོམས་ཀྱི་ལས་ཀྱང་ཉོན་མོངས་པ་སྐྱེ་བའི་སྐབས་མེད་པའི་རྟེན་བྱེད་ང།འོ།།ཞེས་གསུངས་སོ།།
ཁ༡༡རྣམ་པར་མི་འཚེ་བ།
རྣམ་པར་མི་འཚེ་བ་ནི།མངོན་པ་ཀུན་བཏུས་ལས།རྣམ་པར་མི་འཚེ་བ་གང་ཞེ་ན།ཞེ་སྡང་མེད་པའི་ཆར་གཏོགས་པ།སྙིང་རྗེ་བའི་སེམས་ཉིད་དེ།མཐོ་མི་འཚམ་པའི་ལས་ཅན་ནོཞེས་གསུངས་པ་ལྟར།ཀུན་ནས་མནར་སེམས་མེད་པར་སེམས་ཅན་སྡུག་བསྔལ་ཅན་ལ་དམིགས་ནས་དེ་དང་བྲལ་ན་སྙམ་པའི་བཟོད་པའོ།།དེ་ལ་ཕུང་པོ་ལྔའི་རབ་བཤད་ལས།རྣམ་པར་མི་འཚེ་བ་གང་ཞེ་ན།རྣམ་པར་འཚེ་བའི་གཉེན་པོ་སྟེ།འདིར་ཡང་རྣམ་པར་འཚེ་བ་སྔར་བསྟན་ན་རྣམ་པར་མི་འཚེ་བ་རྟོགས་པར་སླ་བར་འགྱུར་བས་རྣམ་པར་འཚེ་བ་བཤད་དོ།།དེ་ལ་སེམས་ཅན་ལ་བརྡེག་པ་དང༌།བཅིང་བ་ལ་སོགས་པའི་གནོད་པ་སྣ་ཚོགས་པ་བྱེད་པ་ནི་རྣམ་པར་འཚེ་བའོ།།སེམས་ཅན་ལ་བརྡེག་པ་དང་བཅིང་བ་ལ་སོགས་པ་གནོད་པར་མི་བྱེད་པ་ནི་རྣམ་པར་མི་འཚེ་བའོ།རྣམ་པར་མི་འཚེབ་སྐྱེས་ན་རྣམ་པར་འཚེ་བ་མེད་པར་འགྱུར་བས་རྣམ་པར་མི་འཚེ་བ་ནི་རྣམ་པར་འཚེ་བའི་གཉེན་པོ་ཞེས་བྱའོ།།རྣམ་པར་མི་འཚེ་བའི་དངོས་པོ་གང་ཞེ་ན།སྙིང་རྗེའོ།།སེམས་ཅན་རྣམས་ཀྱི་སྡུག་བསྔལ་སེལ་བར་བྱེད་པ་ནི་སྙིང་རྗེ་སྟེ།སྙིང་རྗེ་ལ་རྣམ་པར་མི་འཚེ་བ་ཞེས་བྱའོ།།ཡང་ན་སྙིང་རྗེ་ལ་རྒྱ་གར་སྐད་དུ།ཀཱ་རུ་ཎ་ཞེས་འབྱུང་སྟེ།དེ་ལ་ཀཱའི་དོན་ནི་བདེ་བ་ལ་བྱ།རུ་ཎ་ཞེས་བྱ་བའི་དོན་ནི་འགོག་པ་ལ་བྱ་སྟེ།གཞན་སྡུག་བསྔལ་བ་མཐོང་ནས་བདག་ཀྱང་སྡུག་བསྔལ་བར་གྱུར་བ་སྟེ།གཞན་གྱི་སྡུག་བསྔལ་བསལ་བར་བྱ་བའི་དོན་དུ་བདག་ཉིད་འབད་པ་སྣ་ཚོགས་ཀྱིས་སྡུག་བསྔལ་སྣ་ཚོགས་ཉམས་སུ་ལེན་པར་བྱེད་པས་ན་བདག་གིས་སྡུག་སྒྲུབ་ཅེས་ཀྱང་བྱའོ།།ཇི་ལྟར་འདོད་མ་ཆགས་པ་དང༌།ཞེ་མི་སྡང་བ་དང༌།གཏི་མི་མུག་པ་དང༌།བརྩོན་འགྲུས་བཞི་ལས་བག་ཡོད་པ་འབྱུང་བས་རྫས་སུ་མེད་ཀྱི་བཏགས་པར་ཡོད་པ་བཞིན་དུ་རྣམ་པར་མི་འཚེ་བ་ཡང་ཞེ་མི་སྡང་བའི་ཆ་ལས་འབྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པའོ།དེའི་ལས་ཀྱང་བཅིང་བ་དང་བརྡེག་པ་ལ་སོགས་པའི་གནོད་པ་སྣ་ཚོགས་ཀྱིས་འཚེ་བས་སེམས་ཅན་ལ་མི་འཚེ་བས་ན་རྣམ་པར་མི་འཚེ་བའི་ལས་བྱེད་པའོ།།ཞེས་གསུངས་སོ།
རྣམ་པར་མི་འཚེ་བའམ་སེམས་ཅན་ལ་གནོད་འཚེ་སྤོང་བ་འདི་ནི་རྒྱལ་བའི་གསུང་རབ་ཀྱི་སྙིང་པོའི་དོན་ཡིན་ཏེ།བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ནི།།མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུང༌།།རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང༌།།གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ།ཞེས་གསུངས་ཤིང༌།འདུལ་བའི་ལས་ཆོག་ནས་ཀྱང་ཆུ་ཚགས་སྦྱིན་པའི་སྐབས་སུ་རྒྱལ་བའི་བསྟན་པ་སྙིང་རྗེས་རབ་ཏུ་ཕྱེ་བ་ཡིན་པས་གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ལྡོག་དགོས་པས་ཆུ་ནང་གི་སྲོག་ཆགས་ལ་གནོད་པ་སྤང་བའི་ཕྱིར་ཆུ་ཚགས་ངེས་པར་འཆང་དགོས་ཚུལ་གསུངས་པ་དང༌།གདམས་ངག་བརྗོད་པའི་སྐབས་སུ་གཤེ་ཡང་སླར་མི་གཤེ།ཁྲོས་ཀྱང་སླར་མི་ཁྲོ།བརྡེགས་ཀྱང་སླར་མེ་བརྡེག།མཚང་བྲུས་ཀྱང་སླར་མཚང་མི་འབྲུ་བ་སྟེ།དགེ་སྦྱོང་དུ་བྱེད་པའི་ཆོས་བཞི་ལ་གནས་དགོས་པར་ནན་ཏན་དུ་གདམས་སོ།།དེས་ན་རྣམ་དཔྱོད་ཅན་གྱིས་འདི་དག་ལ་ལེགས་པར་དཔྱོད་ཤེས་ན་འཚེ་བ་སྤྱོང་བ་ནི་བསྟན་པའི་སྙིང་པོར་གོ་ནུས་སོ།།
དགེ་བ་ལ་འདིར་བཤད་པའི་བཅུ་གཅིག་པོ་འདི་ཙམ་དུ་ཟད་དམ་སྙམ་ན།སྤྱིར་དགེ་བ་ལ་ངོ་བོ་ཉིད་ཀྱིས་དགེ་བ།འབྲེལ་བས་དགེ་བ།རྗེས་སུ་འབྲེལ་བས་དགེ་བ།སློང་བས་དགེ་བ།དོན་དམ་པས་དགེ་བ་དང་ལྔར་བཤད་པ་ལས།གོང་དུ་བཤད་པའི་དད་སོགས་བཅུ་གཅིག་པོ་དེ་ནི་ངོ་བོ་ཉིད་ཀྱིས་དགེ་བ་ཞེས་བྱ་བ་ཡིན་ཏེ།ཀུན་སློང་སོགས་གཞན་ལ་མི་ལྟོས་པར་རང་གྲུབ་ཙམ་ནས་དགེ་བའི་ངོ་བོར་སྐྱེ་བས་ན་དེ་ལྟར་དུ་བརྗོད་དོ།།དེའི་ཕྱིར་འདིར་ཡང་དགེ་བའི་གཙོ་བོ་བཅུ་གཅིག་བསྟན་པ་ཡིན་ནོ།།
འབྲེལ་བས་དགེ་བ་ཞེས་བྱ་བ་ནི་དད་སོགས་བཅུ་གཅིག་པོ་དེ་དང་མཚུངས་པ་ལྔས་མཚུངས་ལྡན་དུ་སོང་བའི་སེམས་སེམས་བྱུང་རྣམས་སོ།།རྗེས་སུ་འབྲེལ་བས་དགེ་བ་ཞེས་བྱ་བ་ནི་དགེ་བའི་བག་ཆགས་རྣམས་སོ།།སློང་བས་དགེ་བ་ཞེས་བྱ་བ་ནི་དད་པས་ཀུན་ནས་བསླངས་པའི་ལུས་ངག་གི་ལུས་ངག་གི་ལས་ལྟ་བུའོ།དོན་དམ་པས་དགེ་བ་ནི་དེ་བཞིན་ཉིད་ལ་བཤད་དེ།དེ་བཞིན་ཉིད་ལ་དམིགས་ནས་བསྒོམས་ན་སྒྲིབ་པ་ཐམས་ཅད་དག་པར་འགྱུར་བས་དགེ་བ་ཞེས་བཏགས་པ་ཡིན་གྱི་དགེ་བ་དངོས་མིན་ནོ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号