ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་བཞི་པ།རྟེན་འབྲེལ་བཅི་གཉིས་ལས་ནང་གི་རྟེན་འབྲེལ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།

ས་བཅད་གཉིས་པ།ནང་གི་རྟེན་འབྲེལ།

 
རྒྱུ་དང་འབྲེལ་བ་དང༌།རྐྱེན་དང་འབྲེལ་བའི་རྟེན་འབྲེལ་གཉིས།
 
དང་པོ།རྒྱུ་དང་འབྲེལ་བ།
 
མདོར་བསྟན་པ།རྒྱས་པར་བཤད་པ་གཉིས།
༡མདོར་བསྟན་པ།
ནང་གི་རྟེན་འབྲེལ་ལ་རྒྱུ་དང་འབྲེལ་བ་ནི་ཡན་ལག་བཅུ་གཉིས་ཏེ།གང་ཞེ་ན་མདོ་ལས།ཀུན་ཉོན་དབང་གིས་འཁོར་བར་འཇུག་ཚུལ་དང་མཐུན་པར་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་ནི་འདི་ལྟ་སྟེ།འདི་ཡོད་པས་ན་འདི་ཡོད་པའི་ཐ་སྙད་འབྱུང་ལ།འདི་སྐྱེས་པའི་ཕྱིར་དོན་འདི་སྐྱེ་བ་སྟེ།དེ་ཡང་འདི་ཡོད་པས་འདི་འབྱུང་ཞེས་ཆོས་རྒྱུ་ཡོད་པ་ཁོ་ན་ལས་སྐྱེ་བར་བསྟན་པས་རྒྱུ་མེད་ལས་སྐྱེ་བར་འདོད་པ་འགོགའདི་སྐྱེས་པས་འདི་སྐྱེ་ཞེས་རྒྱུ་དེ་ཡང་རྐྱེན་ལས་སྐྱེ་བར་བསྟན་པས་རྒྱུ་རྟག་པ་ལས་སྐྱེ་བར་འདོད་པ་འགོག།མ་རིག་པའི་རྐྱེན་གྱིས་འདུ་བྱེད་སོགས་གསུང་བས་བློ་ཡི་གཡོ་བ་སྔོན་དུ་བཏང་བས་དབང་ཕྱུག་ལ་སོགས་པའི་རྒྱུ་ལས་བྱུང་བར་འདོད་པ་འགོག་པའོ།།མདོ་དང་བསྟན་བཅོས་ལས་འདི་ཡོད་པས་ན་འདི་འབྱུང་དཔེར།རིང་པོ་ཡོད་ན་ཐུང་ངུ་བཞིན།འདི་སྐྱེས་པས་ན་འདི་སྐྱེ་དཔེར།།མར་མེ་བྱུང་བས་འོད་བཞིན་ནོཞེས་སོ།།གང་འདི་ལྟར་མ་རིག་བའི་རྐྱེན་གྱིས་འདུ་བྱེད་རྣམས།འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་གེས་ནས།དེ་བཞིན་དུ།ཡོད་པའི་ཐ་སྙད་མིང་དང་གཟུགས་དང་སྐྱེ་མཆེད་དྲུག།རེག་པ།ཚོར་བ།སྲེད་པ།ལེན་པ།སྲིད་པ།སྐྱེ་བ།རྒ་ཤིའི་བར་དུ་སྦྱར་ཞིང༌།མྱ་ངན་དང༌།སྨྲེ་སྔགས་འདོན་པ་དང།སྡུག་བསྔལ་བ་དང༌།ཡིད་མི་བདེ་བ་དང༌།འཁྲུགས་པ་རྣམས་འབྱུང་སྟེ།དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་སོ།དེ་ལ་རྣམ་པར་བྱང་བའི་དབང་གིས་མྱ་ངན་ལས་འདས་པར་འཇུག་ཚུལ་གྱི་ལུགས་དང་མཐུན་པ་ནི་མ་རིག་པ་འགག་པས་འདུ་བྱེད་འགག་སོགས་ནས་འདུ་བྱེད་འགགས་པས་རྣམ་པར་ཤེས་བ་འགག།རྣམ་པར་ཤེས་བ་འགགས་པས་མིང་དང་གཟུགས་འགག།མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག།སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག།རེག་པ་འགགས་པས་ཚོར་བ་འགག།ཚོར་བ་འགགས་པས་སྲེད་པ་འགག།སྲེད་པ་འགགས་པས་ལེན་པ་འགག།ལེན་པ་འགགས་པས་སྲིད་པ་འགག།སྲིད་པ་འགགས་པས་སྐྱེ་བ་འགག།སྐྱེ་བ་འགགས་པས་རྒ་ཤི་དང་མྱ་ངན་སོགས་ཏེ་སྨྲེ་སྔགས་འདོན་པ་དང༌།སྡུག་བསྔལ་དང༌།ཡིད་མི་བདེ་བ་དང་འཁྲུགས་པ་རྣམས་འགག་པར་འགྱུར་ཏེ།དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འགག་པར་འགྱུར་རོ།།ཞེས་གསུངས་བ་ལྟར་རོ།
༢རྒྱས་པར་བཤད་པ།
དེ་ལ་ཐོག་མར་མ་རིག་པ་ནི་འཕགས་པའི་བདེན་པ་བཞིའི་དོན་མི་ཤེས་ཤིང་ཁམས་གསུམ་གྱི་རང་རང་གི་ས་ཡིས་བསྡུས་བའི་ཕུང་པོ་རྣམས་ལ་མི་རྟག་པ་ལ་རྟག་པ་དང༌།སྡུག་བསྔལ་བ་ལ་བདེ་བ་དང༌།བདག་མེད་པ་ལ་བདག་དང༌།དུ་མ་སྤུང་བའི་མཚན་ཉིད་ལ་རི།ལ་བོ་དང༌།གཅིག་པུ་དང་སེམས་ཅན་དང་བདག་གིར་ལོངས་སྤྱོད་སོགས་ལའང་འཇུག་འདུ་ཤེས་བ་ལ་སོགས་པ་དངོས་པོའི་རང་བཞིན་དང་མི་མཐུན་པར་ཕྱིན་ཅི་ལོག་ཏུ་འཛིན་པའི་རྨོངས་པ་ཡང་དག་པའི་དོན་ལ་སྒྲིབ་པར་བྱེད་པའི་ཀུན་རྟོག་དེ་ལ་མ་རིག་པ་ཞེས་བྱའོ།།བདག་ཏུ་འཛིན་པའི་མ་རིག་པ་དེ་ཡོད་ན་དེའི་དབང་གིས།བདག་ལ་ཆགས་པ་དང་གཞན་ལ་སྡང་བ་དང་བླང་དོར་ལ་གཏི་མུག་གིས་བསྐྱེད་པའི་ལས།འདོད་པར་བདེ་བ་སྐྱེད་བྱེད་བསོད་ནམས་དགེ་བ་དང༌།འདོད་པར་སྡུག་བསྔལ་སྐྱེད་བྱེད་བསོད་ནམས་མིན་པ་མི་དགེ་བ་དང༌།ཁམས་གོང་མའི་ཏིང་ངེ་འཛིན་དང་འབྲེལ་ན་མི་གཡོ་བའི་ལས་རྣམས་འབྱུང་བས་ནི་ཀུན་གཞིའི་རྣམ་ཤེས་ལ་ཡང་སྲིད་པ་ཕྱི་མར་འཕེན་བྱེད་ཀྱི་ས་བོན་འདེབས་པས་འདུ་བྱེད་ཅེས་བྱ་སྟེ།བསོད་ནམས་དགེ་བས་མཐོ་རིས་ཀྱི་རྟེན་དང་རྣམ་སྨིན་ཚོར་བ་བདེ་བ།མི་དགེ་བས་ངན་སོང་གི་རྟེན་དང་རྣམ་སྨིན་ཚོར་བ་སྡུག་བསྔལ།མི་གཡོབས་ཁམས་གོང་མ་བསམ་གཟུགས་གཉིས་ཀྱི་ཡང་སྲིད་མངོན་པར་འདུ་བྱེད་དོ།།
འདུ་བྱེད་དེས་ཕྱི་མའི་སྲིད་པ་ཁམས་གསུམ་པའི་སྐྱེ་གནས་རྣམས་སུ་འགྲོ་བའི་རྣམ་ཤེས་འབྱུང་བར་བྱེད་དེ།ཡང་སྲིད་ཕྱི་མ་འཕེན་བྱེད་ཀྱི་ས་བོན་ཀུན་གཞིའི་རྣམ་ཤེས་ལ་བཞག་པའི་ཆ་ནས་འཕེན་བྱེད་ཀྱི་རྣམ་ཤེས་དང༌།ནམ་ཞིག་སྲིད་ལེན་སོགས་ཀྱི་རྐྱེན་ཚོགས་ནས་སྲིད་པ་ཕྱི་མའི་སྐྱེ་གནས་སུ་ཁྲིད་པ་ནི་འཕངས་འབྲས་ཀྱི་རྣམ་ཤེས་ཞེས་བྱ་ཞིང༌།དེ་གཉིས་ཀའང་དོན་དུ་ཡང་སྲིད་ཕྱི་མ་འགྲུབ་བྱེད་རྣམ་ཤེས་ཀྱི་ཡན་ལག་ཏུ་གཅིག་གོ།
རྣམ་ཤེས་དེའི་དབང་གིས་ཕ་མའི་མངལ་དུ་སྐྱེ་བ་ཉིང་མཚམས་སྦྱར་བ་ན་རྣམ་ཤེས་དང་ཚོར་བ་འདུ་ཤེས་འདུ་བྱེད་དེ་མིང་བཞི་དང༌།དེ་དང་ལྷན་ཅིག་པའི་མེར་མེར་པོ་ནུར་ནུར་ལྟར་འཁྲང་ལ་སོགས་པ་གཟུགས་ཏེ་མིང་གཟུགས་ཀྱི་ཡན་ལག་དེ་དག་དཔེར་ན་གདུང་ཁྱིམ་ལྟར་ཕན་ཚུན་གཅིག་ལ་གཅིག་བརྟེན་བའི་ཚུལ་གྱིས་ཚོགས་པས་སྲིད་པའི་ལུས་དེ་ཀུན་ནས་འཛིན་པ་འབྱུང་ངོ༌།།
དེ་ལས་མིང་དང་གཟུགས་ཀྱི་གནས་སྐབས་འཕེལ་བ་ལ་བརྟེན་ནས་ཡོངས་སུ་རྫོགས་པ།ནང་གི་མིག་སོགས་ཏེ་རྣ་བ་སྣ་ལྕེ་ལུས་ཡིད་ཀྱི་སྐྱེ་མཆེད་དྲུག་འབྱུང་ངོ༌།།
དེ་ལས་གཟུགས་སོགས་ཡུལ་མིག་སོགས་དབང་པོ་ཡིད་ལ་བྱེད་པ་ཤེས་པ་གསུམ་འདུས་ནས་ཕྱི་རོལ་གྱི་ཡུལ་གྱི་འགྱུར་བ་གཟུགས་སོགས་སུ་ཡོངས་སུ་གཅོད་པ་མིག་གི་འདུས་ཏེ་རེག་པ་སོགས་རྟེན་གྱི་སྒོ་ནས་དྲུག་འབྱུང་བ་ནི་རེག་པའི་ཡན་ལག་གོ།
རེག་པ་དེ་ལས་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་གྱི་ཆ་ལ་ཉེ་བར་སྤྱོད་པའམ་ཉམས་སུ་མྱོང་བ་འབྱུང་བ་ནི་ཚོར་བའི་ཡན་ལག་གོ།
སིམ་གདུང་བར་མའི་ཚོར་བ་དེ་ལ་བརྟེན་ནས་ལྷག་པར་ཆད་པའི་དབངགིས་ཚོར་བ་བདེ་བ་ལ་མི་འབྲལ་བར་འདོད་པའི་འདོད་སྲེད།ཚོར་བ་མི་བདེ་བ་སྡུག་བསྔལ་འདོར་བར་འདོད་པའི་འཇིག་སྲེད།ཚོར་བ་བཏང་སྙོམས་ལ་རང་གར་གནས་ཤིང༌།གཟུགས་ནས་སྒྲ་དྲི་རོ་རེག་ཆོས་ཀྱི་བར་ཡུལ་དྲུག་པོ་དེ་ལ་སྲེད་པ་སྐྱེ་བ་སྟེ།མདོར་ན་ཚོར་བའི་རྒྱུ་ལས་བདེ་སྡུག་སོགས་ཡུལ་གྱི་རོ་མྱོང་བ་དང༌།དེ་ལ་དགའ་ཞིང་ཞེན་པ་སྐྱེ་བས་ཡུལ་མངོན་དུ་སྡུད་པ་ནི་སྲེད་པའི་ཡན་ལག་གོ།འདི་ལ་འདོད་ཁམས་པས་འཁོར་སྒྱུར་གྱི་སྟོབས་འབྱོར་ལ་སྲེད་པ་སོགས་གཟུགས་གཟུགས་མེད་ཀྱི་རང་སའི་དཔལ་འབྱོར་ལ་སྲེད་པ་གསུམ་སོགས་སུ་དབྱེ་ཡོད་དོ།།
སྲེད་པ་དེ་ལས་བདག་སྡུག་པ་སྟེ་ཡིད་འོང་གི་དངོས་པོ་དང་ཚོར་བ་བདེ་བའི་ངོ་བོ་ལས་དུས་ནམ་ཡང་བྲལ་བར་མ་གྱུར་ཅིག་ཅེས་བསྐམ་ཆགས་ཀྱི་སྲེད་པ་ལྷག་པར་འཕེལ་ཏེ།ཡུལ་ཚོར་བའི་རྒྱུ་ལུས་དང་ལོངས་སྤྱོད་སོགས་དང་དུ་ལེན་པ་ལ་དངོས་སུ་སྦྱོར་བ་ནི་ལེན་པའི་ཡན་ལག་སྟེ།འདི་ལ་དབྱེ་བ་བྱས་ན།འདོད་ཡོན་ལྔ་སོགས་འདོད་པ་ཉེར་བར་ལེན་པ་དང་རྟག་ཆད་སོགས་ལྟ་བ་ཉེར་ལེན་པ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་དམན་པ་ལ་མཆོག་འཛིན་དང་ཕྱི་རོལ་པ་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་བཞིར་ཡང་གསུངས་སོ།།
ལེན་པ་དེས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྲིད་པ་ཕྱི་མ་དེ་ཉིད་འགྲུབ་ངེས་བའི་ལས་མཐུ་ཅན་དུ་མངོན་དུ་བྱས་བ་ནི་སྲིད་པའི་ཡན་ལག་སྟེ།འདོད་གཟུགས་གཟུགས་མེད་དེ་ཁམས་གསུམ་གྱི་སྲིད་པ་གསུམ་སོགས་སུ་དབྱེར་ཡོད་དོ།།
སྲེད་ལེན་གྱིས་གསོས་པའི་རྣམ་ཤེས་ལས་ཀྱི་བག་ཆགས་མཐུ་ལྡན་དུ་གྱུར་བའི་སྲིད་པ་དེའི་མཐུས་ནམ་ཞིག་རྐྱེན་ཚོགས་པ་ན།ཡང་སྲིད་ཀྱི་སྐྱེ་གནས་གང་ཡིན་དེར་དངོས་སུ་དང་པོ་མངལ་སོགས་ལས་སྐྱེ་བ་དང༌།རིམ་གྱིས་ལུས་རྫོགས་པ་དང་མི་སོགས་འགྲོ་བ་རིས་མཐུན་པར་གནས་བ་ནི་སྐྱེ་བའི་ཡན་ལག་སྟེ།དེ་ནི་སྐྱེ་བའི་རྟེན་དེ་ལ་ན་རྒ་འཆི་བ་སོགས་སྡུག་བསྔལ་ཇི་སྙེད་མྱོང་བའི་གཞིར་གྱུར་བ་ཡིན་ནོ།།སྐྱེ་བ་དེ་ལས་ཕུང་པོའི་རྒྱུན་ན་ཚོད་རི་མ་གྱིས་འགྱུར་བའི་རྒ་བ་དང་སྐྱེ་བའི་རྒྱུན་དེ་མཐར་འགག་པའི་ཤི་བ་དང་གཉིས་གཅིག་ཏུ་བཞག་པ་ནི།རྒ་བ་མེད་པར་ཡང་འཆི་བ་འབྱུང་བའི་ཡན་ལག་རིམ་ཅན་དུ་མ་ངེས་བའི་རྒྱུ་མཚན་གྱིས་ཡིན་ལ།མྱ་ངན་སོགས་ཀྱང་དེ་བཞིན་ནོ།དེས་མཚོན་ནས་ནང་གི་སེམས་དོན་མ་གྲུབ་པ་སོགས་གྱིས་ཡོངས་སུ་གདུང་བ་མྱ་ངན་དང༌།མྱ་ངན་དེ་ལས་བྱུང་བའི་ཚིག་ཀྱེ་ཧུད་ལ་སོགས་པ་དག་ཏུ་སྨྲ་བ་སྨྲེ་སྔགས་འདོན་པ།མིག་སོགས་ཀྱིས་གཟུགས་མི་སྡུག་པ་མཐོང་བ་སོགས་སྒོ་ལྔའི་ཤེས་པ་དང་མཚུངས་ལྡན་གྱི་སྡུག་བསྔལ་བ།འཁྲུགས་པ་སོགས་ཡིད་ཤེས་དང་མཚུངས་ལྡན་ཀྱི་ཡིད་མི་བདེ་བ།གཞན་ཡང་རྒྱུལ་སྐྱེས་ཙམ་གྱིས་མ་ཞི་བར་བྱེད་པས་ཉམས་སུ་མི་བདེ་བའི་ཉེ་བའི་ཉོན་མོངས་བ་རྣམས་འབྱུང་བ་ནི་འཁྲུགས་པ་སྟེ།དེ་ལྟར་ལུགས་དང་མི་མཐུན་པ་ནི་མས་རིམ་གྱིས་མདོར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་ནི་གང་ལས་བྱུང་ན་འཁོར་བར་སྐྱེ་བ་ལས་བྱུང་བའོ།།སྐྱེ་བ་དེ་ཡང་གང་ལས་བྱུང་ན་སྲིད་པ་ལས་བྱུང་བ་སོགས་རིམ་བཞིན་ལེན་པ།སྲེད་པ།ཚོར་བ།རེག་པ།སྐྱེ་མཆེད།མིང་གཟུགས།རྣམ་ཤེས།འདུ་བྱེད།མ་རིག་པའི་བར་ཡན་ལག་སྔ་མ་སྔ་མ་འདི་དག་ཡོད་པས་ཕྱི་མ་ཕྱི་མ་དག་ཡོད་པའི་ཐ་སྙད་འབྱུང་ལ།སྔ་མ་དག་སྐྱེས་བས་ཕྱི་མ་སྐྱེ་བའི་དོན་བྱེད་པ་ཡིན་ཞིང༌།ཡང་ན།སྐྱེ་བ་འགགས་ན་རྒ་ཤི་འགགས་སྲིད་པ་འགགས་ན་སྐྱེ་བ་འགགས་སོགས་སྔ་མ་མེད་པ་དང་མ་སྐྱེས་བ་ན་ཕྱི་མ་འདི་མི་འབྱུང་ལ་མི་སྐྱེ་བ་ཡིན་པས་སྡུག་བསྔལ་གྱི་ཕུང་པོ་འདི་ཐམས་ཅད་འགག་པར་འགྱུར་རོ།།
 
གཉིས་པ།རྐྱེན་དང་འབྲེལ་བའི་རྟེན་འབྲེལ།
 
རྐྱེན་དང་འབྲེལ་བ་ནི་མ་རིག་པ་སོགས་ཉོན་མོངས་རྣམས་དམིགས་པའི་རྐྱེན་གཟུགས་སོགས་ཡུལ་དང༌།བདག་རྐྱེན་མིག་སོགས་ནང་གི་དབང་པོ་སོགས་དང༌།རྒྱུའི་རྐྱེན་རྣམ་ཤེས།དེ་མ་ཐག་རྐྱེན་ཡིད་བྱེད་གསུམ་འཚོགས་པ་ཉིད་ཀྱིས་ཡུལ་ཡོངས་སུ་གཅོད་པའི་རེག་པ་དང་ཚོར་བ་ལ་བརྟེན་ནས་ཀྱང་ཆགས་སོགས་སྐྱེ་བ་ལྟ་བུ་ཉོན་མོངས་དེ་སྐྱེ་བའི་གྲོགས་བྱེད་ནས་སྐྱེ་ལ།དགེ་མི་དགེ་སོགས་ཀྱི་ལས་ཀྱང་དེ་བཞིན་ཏེ་སྡུག་བསྔལ་གྱི་གཞི་མིང་གཟུགས་སོགས་ཏེ་རྣམ་ཤེས།སྐྱེ་མཆེད།རེག་པ།ཆོར་བ།སྐྱེ་བ་རྒ་ཤི་དང་བདུན་ནི།ནང་གི་སའི་ཁམས་གཞི་འཛིན་བྱེད་སྲ་བ་དང༌།སྡུད་བྱེད་ཆུ་གཤེར་བ་དང༌།སྨིན་པར་བྱེད་པ་མེ་དྲོ་བ་ལས་ཟས་སོགས་འཇུ་བ་དང༌།སྐྱེད་པར་བྱེད་པ་དང་དབུགས་འབྱིན་རྔུབ་སོགས་རླུང་གི་ཁམས་དང༌།གོ་འབྱེད་པའི་བུ་ག་རྣམས་ནམ་མཁའི་ཁམས་དང༌།མི་རུལ་པར་བྱེད་པ་རྣམ་པར་ཤེས་བའི་ཁམས་ཏེ་ཁམས་དྲུག་གིས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས་སྐྱེ་བར་བྱེད་དོ།།གཞན་ཡང་མིག་ཤེས་སྐྱེ་བ་ལ་ནི་རྟེན་མིག་དབང་སྐྱོན་མེད་པ་དང༌།དམིགས་པ་གཟུགས་ཉེ་བར་གནས་བ་དང༌།མུན་པ་མེད་པས་མངོན་པ་སྣང་བ་དང༌།རྩིགས་པ་སོགས་ཐོགས་བཅས་མི་སྒྲུབ་པ་ནམ་མཁལདང༌།ལྟ་འདོད་ཀྱི་བསམ་པ་ཡིད་བྱེད་དེ་ལྔས་ལྷན་ཅིག་བྱེད་རྐྱེན་བྱས་ནས་མིག་ཤེས་སྐྱེ་བ་དེ་བཞིན་དུ་རྣ་ཤེས་སོགས་ཤེས་བ་གཞན་ལའང་ཡུལ་དབང་ཡིད་བྱེད་སོགས་ཅི་རིགས་སུ་སྦྱར་ཏེ་ཤེས་བར་བྱའོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号