ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་དང་པོ།ཕུང་པོ་ལྔ་ལས་འདུ་བྱེད་ཀྱི་ཕུང་པོ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
འཇིག་ལྟའི་བྱེད་ལས་ནི།འདིས་ལྟ་ངན་ཐམས་ཅད་ཀྱི་རྟེན་བྱེད་པའོ།།དེ་ལྟར་ཡང་གཞོན་ནུ་མ་བདུན་གྱི་རྟོགས་བརྗོད་ལས།ལྟ་བ་ཀུན་གྱི་མར་གྱུར་པའི།།འཇིག་ཚོགས་ལྟ་བ་འབྱིན་པ་དང༌།།སྲིད་པའི་ལོངས་སྤྱོད་མི་འདོད་པར།བདག་ནི་ནམ་འིག་འགྱུར་ཞིག་གུ།ཞེས་དང༌།རབ་བཤད་ལས།གོང་གི་ལུང་འཕྲོམའདིའི་ལས་ཀྱང་ལྟ་བ་ཐམས་ཅད་ཀྱི་གནས་བྱེད་པ་སྟེ།འཇིག་ཚོགས་ལ་ལྟ་བ་བྱུང་བར་གྱུར་ན།དེའི་རྒྱུས་མཐར་འཛིན་པ་ལ་སོགས་པའི་ལྟ་བ་གཞན་ཡང་འབྱུང་བས་ན་ལྟ་བ་ཐམས་ཅད་ཀྱི་གནས་བྱེད་པའོ།།ཞེས་གསུངས་པ་ལྟར་རོ།།
འཇིག་ལྟ་འདི་ལ་ནང་གསེས་ཀྱི་དབྱེ་ན་འཇིག་ལྟ་ཉི་ཤུར་བཤད་དེ།གཟུགས་བདག་ཏུ་ལྟ་བ་དང༌།བདག་གཟུགས་དང་ལྡན་པ་དང༌།གཟུགས་བདག་གི་ཡིན་པ་དང།གཟུགས་ལ་བདག་གནས་པར་ལྟ་བ་བཞི།དེ་བཞིན་དུ་ཚོར་བ་དང༌།འདུ་ཤེས་དང༌།འདུ་བྱེད་དང༌།།རྣམ་པར་ཤེས་པ་རྣམས་ལ་ཡང་བཞི་བཞིར་ཕྱེ་བས་འཇིག་ཚོགས་ལ་ལྟ་བ་ཉི་ཤུའོ།།དེ་ལྟར་ཡང་བཤེས་སྤྲིང་ལས།གཟུགས་ནི་བདག་མ་ཡིན་ཞེས་གསུངས་ཏེ་བདག།གཟུགས་དང་ལྡན་མིན་གཟུགས་ལ་བདག་གནས་མིན།།བདག་ལ་གཟུགས་མི་གནས་ཏེ་དེ་བཞིན་དུ །ཕུང་པོ་ལྷག་མ་བཞི་ཡང་སྟོང་རྟོགས་བགྱི།ཞེས་དང༌། དབུ་མ་ལ་འཇུག་པ་ལས་ཀྱང༌།གཟུགས་བདག་མ་ཡིན་བདག་ནི་གཟུགས་ལྡན་མིན།།གཟུགས་ལ་བདག་མེད་བདག་ལའང་གཟུགས་ཡོད་མིན།།དེ་ལྟར་རྣམ་བཞིར་ཕུང་ཀུན་ཤེས་བྱ་སྟེ།།དེ་དག་བདག་ཏུ་ལྟ་བ་ཉི་ཤུར་འདོད།།ལྟ་རི་བདག་མེད་རྟོགས་པའི་རྡོ་རྗེ་ཡིས།། བཅོམ་བདག་གང་དང་ལྷན་ཅིག་འཇིག་འགྱུར་བ།།འཇིག་ཚོགས་ལྟ་རི་ལྷུན་སྟུག་ལ་གནས་པ།།རྩེ་མོ་མཐོ་བར་གྱུར་པ་འདི་དག་གོ་ཞེས་གསུངས་སོ།།འཇིག་ལྟ་ཉི་ཤུ་པོ་དེ་ཡང་བདག་དང་བདག་གིར་འཛིན་པ་གཉིས་སུ་འདུ་བར་གསུངས་ལ།འདི་དག་གི་ངོས་འཛིན་ཞིབ་ཏུ་ཤེས་པར་འདོད་ན་ཀུན་བཏུས་རྩ་འགྲེལ་ལས་ཤེས་པར་བྱའོ།
ག༢མཐར་ལྟ།
མཐར་ལྟ་ནི།མངོན་པ་ཀུན་བཏུས་ལས།མཐར་འཛིན་པར་ལྟ་བ་གང་ཞེ་ན།ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་རྟག་པའམ་ཆད་པར་ཡང་དག་པར་རྗེས་སུ་ལྟ་བའི་བཟོད་པ་དང།འདོད་པ་དང༌།བློ་གྲོས་དང༌།རྟོག་པ་དང༌།ལྟ་བ་གང་ཡིན་པ་སྟེ།དབུ་མའི་ལམ་གྱིས་ངེས་པར་འབྱུང་བ་ལ་བར་དུ་གཅོད་པའི་ལས་ཅན་ནོ།ཞེས་གསུངས་པ་ལྟར།འཇིག་ལྟས་བཟུང་བའི་བདག་དེ་ལ་དམིགས་ནས་རྟག་ཆད་དུ་འཛིན་པའི་ཤེས་རབ་ཉོན་མོངས་ཅན་ནོ།།ཕུང་པོ་ལྔའི་རབ་བཤད་ལས།མཐར་འཛིན་པའི་ལྟ་བ་གང་ཞེ་ན།དེ་དག་ཉིད་ཀྱི་དབང་དུ་བྱས་ནས་རྟག་པའམ་ཆད་པར་ཡང་དག་པར་རྗེས་སུ་ལྟ་བ་སྟེ།གང་ཤེས་རབ་ཉོན་མོངས་པ་ཅན་ནོ།དེ་ཉིད་ཅེས་བྱ་བའི་སྒྲ་ཉེ་བར་ལེན་པའི་ཕུང་པོ་ལྔ་དང་སྦྱར་ཏེ།རྟག་པའམ་ཆད་པར་ལྟ་བ་ཡང་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་དམིགས་ནས་འབྱུང་བས་ན།དེ་ཉིད་ཀྱི་དབང་དུ་བྱས་ནས་ཞེས་བྱའོ།།ཡང་ན་དེ་ཉིད་ཀྱི་སྒྲ་འཇིག་ཚོགས་ལ་ལྟ་བ་དང་སྦྱར་ཏེ།འཇིག་ཚོགས་ལ་ལྟ་བའི་རྒྱུས་རྟག་པ་དང་ཆད་པའི་ལྟ་བ་འབྱུང་བས་ན་དེ་ཉིད་ཀྱི་དབང་དུ་བྱས་ནས་ཞེས་བྱ་སྟེ།འཇིག་ཚོགས་སུ་ལྟ་བས་ཕུངཔོ་ལྔ་ལ་བདག་དང་བདག་གིར་བལྟས་པ་དེ་ལ་ཞེས་བྱ་བའི་དོན་ཏོ།།དེ་ལ་རྟག་པ་ཞེས་བྱ་བ་ནི་ཐེར་ཟུག་ལ་བྱ་སྟེ།དཔེར་ན་སྦྲུལ་གྱི་གསོབ་བོར་བཞིན་དུ་ལུས་བོར་ནས་བདག་དེ་ཡོད་པར་ལྟ་བའོ།།ཆད་པར་ལྟ་བ་ནི་ཚེ་གཅིག་ནས་གཅིག་ཏུ་འཕོ་བ་ན་ཡང་ཕུང་པོ་ལྔ་བོར་བར་ཟད་ཀྱི།བདག་ཅེས་བྱ་བ་དེ་ནི་རྟག་པ་སྟེ།དེ་ལ་ཞིག་པའམ་ཤི་བ་མེད་ཅིང་ཐེར་ཟུག་ཏུ་གནས་སོ་ཞེས་ལྟ་བ་ནི་རྟག་པར་ལྟ་བའོ།། དཔེར་ན་ཤིང་མེས་ཚིག་ནས་ཐལ་བར་གྱུར་པ་སླར་ཤིང་དུ་མི་འགྱུར་བ་བཞིན་དུ་འདིར་ཤི་ཕན་ཆད་རྒྱུན་ཆད་དེ་ཕུང་པོ་གཞན་ལེན་པ་མེད་དོ་ཞེས་ལྟ་བ་ནི་ཆད་པར་ལྟ་བ་ཞེས་བྱའོ།ཡང་དག་པར་རྗེས་སུ་ལྟ་བ་ཞེས་བྱ་བ་ནི་དེ་ལྟར་ངེས་པར་འཛིན་ཅིང་དེ་ལྟར་རྟོག་ཅིང་དཔྱོད་དོ་ཞེས་བྱ་བའི་དོན་ཏོ།།གཏི་མུག་དང་ལྡན་ཞིང་རྨོངས་པ་དང་བཅས་པ་ལ་ནི་རྟག་པ་དང་ཆད་པར་ལྟ་བ་འབྱུང་གི།གཏི་མུག་མེད་པའི་ཤེས་རབ་ཅན་རྣམས་ལ་རྟག་པ་དང་ཆད་པར་ལྟ་བ་མི་འབྱུང་བས་རྟག་པ་དང་ཆད་པར་ལྟ་བ་འདི་ཡང་གཏི་མུག་དང་ལྡན་པ་དང་རྟག་ཆད་མེད་པའི་ཆོས་ལ་རྟག་པ་དང་ཆད་པར་ཕྱིན་ཅི་ལོག་ཏུ་འཛིན་པས་ན་ཤེས་རབ་ཉོན་མོངས་པ་ཅན་ཞེས་བྱའོ།།དེའི་ལས་ཀྱང་དབུ་མའི་ལམ་ནས་འབྱུང་བ་ལ་བགེགས་བྱེད་དོ།།དེ་ལ་དབུ་མའི་ལམ་ནི་རྟག་པ་དང་ཆད་པར་འཛིན་པ་རྣམས་སྤངས་ནས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཤེས་པ་སྟེ།དབུ་མའི་ལམ་དེས་འཁོར་བ་ནས་བྱུང་ནས་མྱ་ངན་ལས་འདས་པའི་ལམ་ཐོབ་པར་བྱེད་པས་དབུ་མའི་ལམ་ནས་འབྱུང་བ་ཞེས་བྱའོ།།རྟག་པ་དང་ཆད་པར་བལྟས་ན་དབུ་མའི་ལམ་དེ་རྟོག་པར་མི་འགྱུར་བས་ན་དབུ་མའི་ལམ་ནས་འབྱུང་བ་ལ་བགེགས་བྱེད་པའོ།།ཞེས་གསུངས་སོ།།
དེས་ན་ལྟ་ངན་འདིས་རྟག་ཆད་ཀྱི་མཐར་ལྟུང་བར་བྱེད་པས་ན་རྟག་ཆད་ཀྱི་མཐའ་དང་བྲལ་བའི་དབུ་མའི་ལམ་དུ་འགྲོ་བ་ལ་བར་ཆད་ཀྱི་གཙོ་བོའོ།།
ག༣ལྟ་བ་མཆོག་འཛིན།
ལྟ་བ་མཆོག་འཛིན་ནི།མངོན་པ་ཀུན་བཏུས་ལས།ལྟ་བ་མཆོག་ཏུ་འཛིན་པ་གང་ཞེ་ན།ལྟ་བ་དང་ལྟ་བའི་གནས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་མཆོག་དང༌།གཙོ་བོ་དང༌།ཁྱད་པར་དུ་འཕགས་པ་དང༌།དམ་པར་ཡང་དག་པར་རྗེས་སུ་ལྟ་བའི་བཟོད་པ་དང༌།འདོད་པ་དང༌།བློ་གྲོས་དང༌།རྟོག་པ་དང༌།ལྟ་བ་གང་ཡིན་པ་སྟེ།ལྟ་བ་ངན་པ་ལ་མངོན་པར་ཞེན་པའི་རྟེན་བྱེད་པའི་ལས་ཅན་ནོ།།ཞེས་གསུངས་པ་ལྟར།ལྟ་ངན་གཞན་རྣམས་དང༌།དེ་གང་ལ་བརྟེན་ནས་འབྱུང་བའི་གནས་ཕུང་པོ་ལ་དམིགས་ནས་མཆོག་ཏུ་འཛིན་པའི་ཤེས་རབ་ཉོན་མོངས་ཅན་ནོ།།འདིར་མཆོག་ལ་སོགས་པའི་རྣམ་གྲངས་གསུངས་པ་ནི།ཕུལ་དུ་བྱུང་བར་རློམ་པས་ན་མཆོག་ཏུ་འཛིན་པ་དང༌།འདི་ལས་ལྷག་པ་གཞན་མེད་པར་འཛིན་པས་ན་གཙོ་བོར་འཛིན་པ་དང༌།གཞན་ལས་ཁྱད་པར་དུ་འཕགས་པར་འཛིན་པ་དང༌།འདི་དང་མཉམ་པ་གཞན་མེད་པར་འཛིན་པས་ན་དམ་པར་ལྟ་བའོ།འདིའི་བྱེད་ལས་ལ་ལྟ་ངན་དང་མི་འབྲལ་བའི་བག་ཆགས་འཇོག་པར་བྱེད་པའོ།།
འདིར་རབ་བཤད་ལས།ལྟ་བ་སྙེམས་པ་གང་ཞེ་ན།ལྟ་བ་རྣམ་པ་གསུམ་པོ་དེ་དག་ཉིད་དང༌།དེའི་གནས་ཕུང་པོ་རྣམས་མཆོག་དམ་པ་གཙོ་བོར་ཡང་དག་པར་རྗེས་སུ་ལྟ་བ་སྟེ།གང་ཤེས་རབ་ཉོན་མོངས་པ་ཅན་ནོ།།ལྟ་བ་རྣམ་པ་གསུམ་པོ་དེ་དག་ཉིད་ཅེས་བྱ་བ་ནི་གོང་དུ་བཤད་པའི་འཇིག་ཚོགས་ལ་ལྟ་བ་དང༌།མཐར་འཛིན་པར་ལྟ་བ་དང་ལོག་པར་འཛིན་པའི་ལྟ་བ་སྟེ་གསུམ་མོ།།དེའི་གནས་ཕུང་པོ་རྣམས་ལ་ཞེས་བྱ་བ་ནི་ལྟ་བ་གསུམ་པོ་དེ་དག་ཀྱང་ཕུང་པོ་ལྔ་ལ་དམིགས་པ་ལས་འབྱུང་བས་ལྟ་བ་གསུམ་འབྱུང་བའི་རྒྱུ་ཕུང་པོ་ལྔ་ཡིན་པའི་ཕྱིར་རོ།།ཕུང་པོ་ལྔ་ནི་དེའི་གནས་ཞེས་བྱའོ།། མཆོག་དང་དམ་པ་དང་གཙོ་བོའི་དོན་གསུམ་དོན་གཅིག་ཏུ་འདྲ་མོད་ཀྱི་གཅིག་གིས་གཅིག་བཤད་པ་ལྟ་བུར་རིག་པར་བྱ་སྟེ།ཇི་ལྟར་མཆོག་ཅེ་ན།དམ་པའི་ཕྱིར་མཆོག་གོ།ཅི་ལྟར་དམ་པ་ཞེ་ན།གཙོ་བོར་གྱུར་པའི་ཕྱིར་དམ་པའི་ཞེས་བཤད་པར་བྱའོ།།ཡང་དག་པར་རྗེས་སུ་ལྟ་བ་ནི་འདི་ཁོ་ན་ཡིན་ནོ་ཞེས་ངེས་པར་འཛིན་པའོ།དོན་དུ་ན་འཇིག་ཚོགས་སུ་ལྟ་བ་དང༌།མཐར་འཛིན་པར་ལྟ་བ་དང༌། ལོག་པར་ལྟ་བ་གསུམ་ལ་ལྟ་བ་འདི་དག་ནི་མཆོག་དམ་པའི་གཙོ་བོ་ཡིན་ནོ་ཞེས་སེམས་ངེས་པར་འཛིན་པ་དང༌།ལྟ་བ་དེ་དག་སྐྱེ་བའི་གནས་ཀྱི་ཕུང་པོ་ལྔ་ལ་ཡང་ཕུང་པོ་ལྔ་པོ་འདི་དག་ནི་མཆོག་དམ་པ་གཙོ་བོ་ཡིན་ནོ་ཞེས་ངེས་པར་འཛིན་པར་བྱེད་པ་ལ་ལྟ་བ་བསྙེམས་པ་ཞེས་བྱའོ།།རྨོངས་པ་དང་བཅས་ཤིང་གཏི་མུག་དང་ལྡན་པ་རྣམས་ལ་ནི་ལྟ་བ་ངན་པ་གསུམ་དང༌།དེའི་གནས་ཀྱི་ཕུང་པོ་ལ་མཆོག་དང་དམ་པར་འཛིན་པ་འབྱུང་གི།རྨོངས་པ་མེད་ཅིང་ཤེས་རབ་ཅན་རྣམས་ལ་ལྟ་བ་ངན་པ་དང༌།དེའི་གནས་ཀྱི་ཕུང་པོ་ལ་མཆོག་དང་དམ་པར་འཛིན་པ་མི་འབྱུང་བས་ལྟ་བ་བསྙེམས་པ་འདི་ཡང་གཏི་མུག་དང་ལྡན་པ་དང༌།མཆོག་མ་ཡིན་པའི་ཆོས་ལ་མཆོག་ཏུ་ཕྱིན་ཅི་ལོག་ཏུ་འཛིན་པས་ཕྱིན་ཅི་ལོག་དང་ལྡན་པའི་ཕྱིར་ཤེས་རབ་ཉོན་མོངས་ཅན་ཞེས་བྱའོ།།དེའི་ལས་ཀྱང་ལྟ་བ་ངན་པ་ལ་མངོན་པར་ཞེན་པའི་རྟེན་བྱེད་པ་སྟེ།ལྟ་བ་ངན་པ་ལ་མངོན་པར་ཞེན་པ་ནི་འཇིག་ཚོགས་སུ་ལྟ་བ་དང༌།མཐར་འཛིན་པར་ལྟ་བ་དང་ལོག་པའི་ལྟ་བ་ལ་ཡོན་ཏན་དུ་གཟུང་བས་དེ་མི་གཏོང་བར་བྱེད་པས་ན་ལྟ་བ་ངན་པ་ལ་མངོན་པར་ཞེན་པའི་རྟེན་བྱེད་པའོ།།ཞེས་གསུངས་སོ།
ག༤ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན།
ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ནི།མངོན་པ་ཀུན་བཏུས་ལས།ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་གང་ཞེ་ན།ཚུལ་ཁྲིམས་དང༌།བརྟུལ་ཞུགས་དང༌།ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་གནས་ཉེ་བར་ལེན་པའོ་ཕུང་པོ་ལྔ་པོ་དག་ལ།འདག་པ་དང༌།གྲོལ་བ་དང༌།ངེས་པར་འབྱིན་པར་ཡང་དག་པར་རྗེས་སུ་ལྟ་བའི་བཟོད་པ་དང༌།འདོད་པ་དང༌།བློ་གྲོས་དང༌།རྟོག་པ་དང༌།ལྟ་བ་གང་ཡིན་པ་སྟེ།ངལ་བ་འབྲས་བུ་མེད་པའི་རྟེན་བྱེད་པའི་ལས་ཅན་ནོ།ཞེས་གསུངས་པ་ལྟར།ལྟ་ངན་གྱིས་ཀུན་ནས་བསླངས་པའི་ཚུལ་ཁྲིམས་དང༌།གཡང་གཞི་འཆང་བ་སོགས་ལུས་ངག་གི་འཇུག་པ་ངེས་པར་བྱེད་པའི་བརྟུལ་ཞུགས་དང༌།དེ་དག་གང་ལས་འབྱུང་བའི་ཕུང་པོ་ལ་དམིགས་ནས་དག་གྲོལ་དུ་ལྟ་བའི་ཤེས་རབ་ཉོན་མོངས་ཅན་ནོ།འདིར་རབ་བཤད་ལས།ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་གང་ཞེ་ན།ཚུལ་ཁྲིམས་དང་བརྟུལ་ཞུགས་དང༌། དེའི་གནས་ཀྱི་ཕུང་པོ་རྣམས་ལ་དག་པ་དང་གྲོལ་བ་དང༌། འབྱུང་བར་ཡང་དག་པར་རྗེས་སུ་ལྟ་བ་སྟེ།གང་ཤེས་རབ་ཉོན་མོངས་པ་ཅན་ནོ།དེ་ལ་སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་བྱེད་པ་ལས་སླར་ལྡོག་པ་ནི་ཚུལ་ཁྲིམས་སོ།།མགོ་བྲེགས་པ་དང༌།སྒྲེན་མོར་འཕྱན་པ་ལ་སོགས་པའི་ལུས་ཀྱི་ཆ་ལུགས་འཛིན་པ་དང༌།ཁ་ཟས་གཅོད་པ་དང༌།བ་ལང་དང་ཁྱི་ལ་སོགས་པའི་སྤྱོད་ལམ་འཛིན་པ་ནི་བརྟུལ་ཞུགས་སོ།།ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱང་ཕུང་པོ་ལྔ་ལ་བརྟེན་ནས་འབྱུང་བ་སྟེ།ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་འབྱུང་བའི་རྒྱུ་ཕུང་པོ་ལྔ་ཡིན་པས་ན་དེའི་གནས་ཞེས་བྱའོ།། ཚུལ་ཁྲིམས་དང་བརྟུལ་ཞུགས་དང༌།དེའི་གནས་ཀྱི་ཕུང་པོ་ལ་བརྟེན་ནས་སྲོག་གཅོད་པ་ལ་སོགས་པའི་སྡིག་པ་བྱས་པའི་ལས་སྦྱོང་ཞིང་དག་པར་འགྱུར་རོ་ཞེས་ཡང་དག་པར་རྗེས་སུ་ལྟ་བའོ། ཚུལ་ཁྲིམས་དང་བརྟུལ་ཞུགས་དང་ཕུང་པོ་འདིས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་བཅིང་བ་ལས་གྲོལ་བར་བྱེད་དོ་ཞེས་འཛིན་པ་ནི་གྲོལ་བར་ཡང་དག་པར་རྗེས་སུ་ལྟ་བའོ།།ཚུལ་ཁྲིམས་དང་བརྟུལ་ཞུགས་དང་དེའི་གནས་ཀྱི་ཕུང་པོ་འདིས་འཁོར་བ་ལས་འབྱུང་མྱ་ངན་ལས་འདས་པའི་ལམ་ཐོབ་པར་བྱེད་དོ་ཞེས་འཛིན་པ་ནི་འབྱུང་བར་ཡང་དག་པར་རྗེས་སུ་ལྟ་བ་ཞེས་བྱ་སྟེ།དོན་དུ་ན་ཚུལ་ཁྲིམས་དང་བརྟུལ་ཞུགས་དང༌།དེའི་གནས་ཀྱི་ཕུང་པོ་ལ་བརྟེན་ནས་འཁོར་བ་ལས་འབྱུང་ཞིང་མྱ་ངན་ལས་འདས་པ་འཐོབ་བོ་ཞེས་འཛིན་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་ཞེས་བྱའོ།།གཏི་མུག་དང་ལྡན་ཞིང་རྨོངས་པ་དང་བཅས་པ་རྣམས་ལ་ཚུལ་ཁྲིམས་དང་བརྟུལ་ཞུགས་ཙམ་གྱིས་ཐར་བར་འགྱུར་ཞེས་འཛིན་པ་འབྱུང་གི།རྨོངས་པ་མེད་ཅིང་ཤེས་རབ་རྣམས་ལ་ཚུལ་ཁྲིམས་དང་བརྟུལ་ཞུགས་ཙམ་གྱིས་ཐར་བར་འགྱུར་ཞེས་འཛིན་པ་མི་འབྱུང་བས་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་འདི་གཏི་མུག་དང་ལྡན་པ་ཡིན་པའི་ཕྱིར་ཤེས་རབ་ཉོན་མོངས་པ་ཅན་ཞེས་བྱའོ།།
འོ་ན་བཅོམ་ལྡན་འདས་ཀྱི་གསུངས་རབ་གྱི་གཞུང་ལས་ཚུལ་ཁྲིམས་ལ་བརྟེན་ནས་ཏིང་ངེ་འཛིན་བསྒོམས་ཏེ་ཤེས་རབ་བསྐྱེད་ནས་རྣམ་པར་གྲོལ་བར་འགྱུར་རོ་ཞེས་གསུངས་པས།ཚུལ་ཁྲིམས་དང་བརྟུལ་ཞུགས་ནི་དག་པའི་རྒྱུ་ཡིན་ན་ཅིའི་ཕྱིར་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་ཞེས་བྱ་ཞེ་ན།ཡང་དག་པའི་ལྟ་བ་དང་ལྡན་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་ནི་ཐར་པའི་རྒྱུར་འགྱུར་བས་ན།ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་ཞེས་མི་བྱའི།འཇིག་ཚོགས་སུ་ལྟ་བའམ།མཐར་འཛིན་པར་ལྟ་བའམ་ལོག་པར་ལྟ་བས་ཡོངས་སུ་ཟིན་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་ནི་ཐར་པའི་རྒྱུར་མི་འགྱུར་གྱི་བཅིངས་བའི་རྒྱུར་འགྱུར་བས་ན་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་ཞེས་བྱའོ།།ཞེས་གསུངས་སོ།།
འདིའི་ལས་ཀྱང་ལུས་ཤ་ཐང་ཆད་པའི་འབྲས་བུ་ངོན་མེད་པར་བྱེད་པ་སྟེ།ལྟ་བ་ལོག་པ་དང་ལྡན་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྲུངས་ཀྱང་ཐར་བ་ཐོབ་པར་མི་འགྱུར་བས་ན་ལུས་ཤ་ཐང་ཆད་པའི་འབྲས་བུ་དོན་མེད་པར་བྱེད་པ་ཞེས་བྱའོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号