ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་དང་པོ།ཕུང་པོ་ལྔ་ལས་འདུ་བྱེད་ཀྱི་ཕུང་པོ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
འཆབ་པ་ཡང་བདག་གི་ཁ་ན་མ་ཐོ་བ་འཆབ་པ་ཡིན་ལ་གཡོ་ཡང་རང་གི་ཉེས་པ་འཆབ་པའི་ཐབས་འཛིན་པ་ཡིན་པས་དེ་གཉི་ག་ཉེས་པ་འཆབ་པ་བྱེད་པར་ཐད་ན་ཁྱད་པར་ཅི་ཡོད།འཆབ་པ་ནི་བདག་གིས་ཉེས་པ་མ་བྱས་སོ་ཞེས་དངོས་སུ་གསལ་བར་ཁ་ན་མ་ཐོ་བ་མཁྱུད་པར་བྱེད་ཀྱི་གཡོ་ནི་དངོས་སུ་མ་བྱས་སོ་ཞེས་གསལ་བར་མི་སྨྲ་བའི་ཐབས་ཀྱིས་མ་བྱས་པ་འདྲ་བར་ཉེས་པ་མཁྱུད་པར་བྱེད་པས་ན་ཁྱད་པར་ཡོད་དོ།
ཁ༩རྒྱགས་པ།
རྒྱགས་པ་ནི།མངོན་པ་ཀུན་བཏུས་ལས།རྒྱགས་པ་གང་ཞེ་ན།ནད་མེད་པ་དང་ལང་ཚོ་དར་ལ་བབ་པ་ལ་བརྟེན་ཅིང༌།ཚེ་རིང་བའི་མཚན་མ་དང༌།ཟག་པ་དང་བཅས་པའི་ཕུན་སུམ་ཚོགས་པ་གང་ཡང་རུང་བ་མཐོང་ནས་འདོད་ཆགས་ཀྱི་ཆར་གཏོགས་པའི་དགའ་བ་དང་ཡིད་བདེ་བ་སྟེ།ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་རྟེན་བྱེད་པའི་ལས་ཅན་ནོ།།ཞེས་གསུངས་པ་ལྟར། ནད་མེད་ཅིང་ལོངས་སྤྱོད་འཛོམ་པ་སོགས་ལ་དམིགས་ནས་དགའ་ཞིང་ཡིད་བདེ་བས་སེམས་ཁེངས་པའོ།།རབ་བཤད་ལས།རྒྱགས་པ་གང་ཞེ་ན།བདག་གི་ཕུན་སུམ་ཚོགས་པ་ལ་ཆགས་ནས་རབ་ཏུ་དགའ་བའི་སེམས་ཀྱིས་ཡོངས་སུ་འཛིན་པ་སྟེ།བདག་གི་ཕུན་སུམ་ཚོགས་པ་ནི་བདག་ལ་ཡོད་པ་འབྱོར་བ་ལ་བྱ་སྟེ།རིགས་ཆེན་པོ་དང༌།ལུས་ནད་མེད་པ་དང༌།གཟུགས་མཛེས་པ་དང༌།ལང་ཚོདར་ལ་བབ་པ་དང༌།སྟོབས་ཆེ་བ་དང༌།དབང་དང༌།ཕྱུག་པ་དང༌།བློ་དང༌།ཡིད་རྣོ་བ་ལ་སོགས་པ་གཞན་པས་ཁྱད་ཞུགས་པར་འཕགས་ཤིང་ཕུལ་དུ་བྱུང་བ་ལ་ནི་བདག་གི་ཕུན་སུམ་ཚོགས་པ་ཞེས་བྱའོ།། མིང་གིས་སྨོས་པའི་བདག་གི་ཕུན་སུམ་ཚོགས་པ་ལ་ཞེན་ནས་གཏོང་མི་ཕོད་པ་ནི་ཆགས་པ་སྟེ།ཆགས་ནས་ཞེས་བྱ་བ་ནི་ཆགས་པ་དེས་རྒྱུ་བྱས་ནས་ཞེས་བྱ་བའི་དོན་ཏོ།།རབ་ཏུ་དགའ་བའི་སེམས་ཀྱིས་ཞེས་བྱ་བ་ནི་མགུ་བ་དང་ལྡན་པའི་སེམས་སམ་རློམ་པ་དང་བཅས་པའི་སེམས་སམ་ཡིད་བདེ་བའི་ཁྱད་པར་དང་ལྡན་པའི་སེམས་ཀྱིས་ཞེས་བྱ་བའི་དོན་ཏོ།དོན་དེ་སྟོན་པའི་ཕྱིར་སེམས་ཀྱིས་ཡོངས་སུ་འཛིན་པ་ཞེས་བྱ་བ་སྨོས་ཏེ།བདག་གི་ཕུན་སུམ་ཚོགས་པ་ལ་ཆགས་ཤིང་རློམ་པ་དང་བཅས་བའི་སེམས་ཀྱིས་སེམས་རང་དབང་མེད་པར་བྱས་ནས།ལོངས་སྤྱོད་ཚོགས་པ་འབའ་ཞིག་ལ་སེམས་འཛིན་ཅིང་མི་གཏོང་གི་དགེ་བའི་སེམས་འཇུག་པའི་དབང་མེད་པར་བྱས་པ་ནི་རྒྱགས་པ་ཞེས་བྱའོ།།འདི་ཡང་འདོད་ཆགས་ཀྱི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ།།འདིའི་ལས་ཀྱང་ཉོན་མོངས་པ་ཐམས་ཅད་སྐྱེ་བའི་རྟེན་བྱེད་པའི་ལས་ཅན་ཏེ།རྒྱགས་པའི་རྒྱུས་ཉོན་མོངས་པ་དྲུག་དང༌།ཉེ་བའི་ཉོན་མོངས་པ་གཞན་ཡང་སྐྱེ་བར་འགྱུར་བའི་ཕྱིར་རོ།།ཞེས་གསུངས་པ་ལྟར།འདིས་ནི་ཉོན་མོངས་ཐམས་ཅད་སྐྱེས་པར་བྱེད་པས་བག་མེད་ཀྱི་རྩ་བ་བྱེད་དེ།ལྷག་བསམ་བསྐུལ་བ་ལས།རྒྱགས་འདི་བག་མེད་ཀུན་ཀྱི་རྩ་བ་སྟེ།།དགེ་སློང་དམན་ལ་བརྙས་བར་ཡོངས་མི་བྱ།།བསྐལ་པ་གཅིག་གིས་ཐར་པ་ཐོབ་མི་འགྱུར།།འདི་ནི་བསྟན་པ་འདི་ལ་གོ་རིམས་ཡིན།།ཞེས་དང༌།བཤེས་སྤྲིང་ལས་ཀྱང༌། རིགས་དང་གཟུགས་དང་ཐོས་པ་ལང་ཚོ་དང༌།།དབང་ཐང་ཆེ་བས་རྒྱགས་པ་དགྲ་བཞིན་གཟིགས།།ཞེས་གང་གསུངས་པ་ལྟར་རོ།།
ཁ༡༠རྣམ་པར་འཚེ་བ།
རྣམ་པར་འཚེ་བ་ནི།མངོན་པ་ཀུན་བཏུས་ལས།རྣམ་པར་འཚེ་བ་གང་ཞེ་ན།ཁོང་ཁྲོ་བའི་ཆར་གཏོགས་པ།སྙིང་བརྩེ་བ་མེད་པ་དང༌། སྙིང་རྗེ་བ་མེད་པ་དང༌།བརྩེ་བ་མེད་པ་སྟེ།རྣམ་པར་མཐོ་འཚམ་པའི་ལས་ཅན་ནོ།ཞེས་གསུངས་པ་ལྟར།སེམས་ཅན་ལ་སྙིང་བརྩེ་བ་མེད་པར་མཐོ་འཚམ་པར་འདོད་པའོ།།འདིར་སྙིང་བརྩེ་བ་མེད་པ་སོགས་རྣམ་གྲངས་གསུངས་པ་ནི།རང་གིས་མཐོ་འཚམ་པར་འདོད་པས་ན་སྙིང་བརྩེ་བ་མེད་པ་དང༌།གཞན་མཐོ་འཚམ་བྱེད་དུ་འཇུག་འདོད་པས་ན་སྙིང་རྗེ་བ་མེད་པ་དང༌།གཞན་གྱིས་བྱེད་པ་མཐོང་ངམ་ཐོས་ན་རྗེས་སུ་ཡི་རང་བས་ན་བརྩེ་བ་མེད་པ་ཞེས་བརྗོད་པ་ཡིན་པར་འགྲེལ་པ་ལས་བཤད་དོ།།
རབ་བཤད་ལས།རྣམ་པར་འཚེ་བ་གང་ཞེ་ན།སེམས་ཅན་ལ་རྣམ་པར་ཐོ་འཚམས་པ་སྟེ།སེམས་ཅན་རྣམས་ཀྱི་ལུས་ལ་སྡུག་བསྔལ་བ་སྐྱེད་པ་དང༌།ཡིད་མི་བདེ་བ་སྐྱེད་པའི་ཕྱིར།སེམས་ཅན་རྣམས་ལ་བཅིང་བ་དང༌།བརྡེག་པ་དང༌།བསྡིགས་པ་ལ་སོགས་པ་རྣམས་གནོད་པ་སྣ་ཚོགས་ཀྱིས་ཐོ་འཚམས་ཤིང་མི་བདེ་བ་སྐྱེད་པར་བྱེད་པ་ལ་རྣམ་པར་འཚེ་བ་ཞེས་བྱའོ།།རྣམ་པར་འཚེ་བ་དེ་ཡང་མིང་དུ་ན་བརྩེ་བ་མེད་པ་དང༌།སྙིང་རྗེ་མེད་པ་དང་བཟོད་པ་མེད་པ་ཞེས་བྱ་སྟེ།དེ་གསུམ་ནི་རྣམ་པར་འཚེ་བའི་མིང་གི་རྣམ་གྲངས་སོ།།ཡང་ན་བདག་ཉིད་སེམས་ཅན་རྣམས་ལ་བཅིང་བ་ལ་སོགས་པའི་ལས་བྱེད་པ་ནི་བརྩེ་བ་མེད་པ་ཞེས་བྱའོ།གཞན་དག་ལ་སེམས་ཅན་དག་བཅིང་དུ་བཅུག་པ་ལ་སོགས་པ་བྱེད་དུ་བཅུག་པ་ནི་སྙིང་རྗེ་མེད་པ་ཞེས་བྱའོ།།གཞན་དག་སེམས་ཅན་ལ་བཅིང་བའི་ལས་བྱེད་པ་མཐོང་ན་དགའ་ཞིང་དེ་ལ་ལེགས་སོ་ཞེས་རྗེས་སུ་ཡི་རང་བ་ནི་བཟོད་པ་མེད་པ་ཞེས་བྱའོ།།འདི་ཡང་ཁོང་ཁྲོ་བའི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་ང།ཏགས་པར་ཡོད་པར་རིག་པར་བྱའོ།།ཞེས་གསུངས་པ་ལྟར་རོ།
འདིའི་ལས་ནི་སེམས་ཅན་ལ་སེམས་རྩུབ་པར་བྱེད་ཅིང་བཅིང་བ་དང་རྡེག་པ་ལ་སོགས་པས་སེམས་ཅན་རྣམས་ལ་རྣམ་པར་འཚེ་བའི་ལས་ཅན་ནོ།།
ཁ༡༡ངོ་ཚ་མེད་པ།
ངོ་ཚ་མེད་པ་ནི།མངོན་པ་ཀུན་བཏུས་ལས།ངོ་ཚ་མེད་པ་གང་ཞེ་ན།འདོད་ཆགས་དང༌།ཞེ་སྡང་དང༌།གཏི་མུག་གི་ཆར་གཏོགས་པ་ཁ་ན་མ་ཐོ་བས་བདག་ལས་མ་འཛེམ་པ་སྟེ།ཉོན་མོངས་དང་ཉེ་བའི་ཉོན་མོངས་ཐམས་ཅད་ཀྱི་གྲོགས་བྱེད་པའི་ལས་ཅན་ནོ།ཞེས་གསུངས་པ་ལྟར།བདག་གམ་ཆོས་རྒྱུ་མཚན་དུ་བྱས་ནས་ཉེས་པ་ལ་འཛེམ་པ་མེད་པའི་བློའོ།།དེ་ཡང་དཔེར་ན་དགེ་སློང་ལྟ་བུས་མྱོས་འགྱུར་གྱི་བཏུང་བ་དང་ཕྲད་པ་ན།མྱོས་འགྱུར་འདི་འཐུང་བ་ནི་བདག་གི་བྱ་བའི་ཆ་མ་ཡིན་ནོ་སྙམ་དུ་རང་རྒྱུ་མཚན་དུ་བྱས་ནས་ཉེས་པ་ལ་འཛེམ་པ་ནི་ངོ་ཚ་ཤེས་པ་ཡིན་པས།དེའི་ལྡོག་ཕྱོགས་ལ་ངོ་ཚ་མེད་པ་ཞེས་བྱ་བ་ཡིན་ནོ།
འདི་ལ་ཕུང་པོ་ལྔའི་རབ་བཤད་ལས།ངོ་ཚ་མི་ཤེས་པ་གང་ཞེ་ན།ཁ་ན་མ་ཐོ་བས་བདག་ལ་ངོ་མི་ཚ་སྟེ།སངས་རྒྱས་ལ་སོགས་པ་དམ་པ་རྣམས་ཀྱིས་སྨད་པ་ཡིན་པས་སྲོག་གཅོད་པ་ལ་སོགས་པའི་ལས་ངན་པ་ལ་ཁ་ན་མ་ཐོ་བ་ཞེས་བྱའོ།།ངོ་ཚ་ཤེས་པ་བཤད་ན་ངོ་ཚ་མི་ཤེས་པས་མཇལ་བརྡ་ཕྲད་སླ་བར་འགྱུར་བས་ངོ་ཚ་ཤེས་པ་ཇི་བསྟན་ཏོ།།དེ་ལ་བདག་ནི་ཆོ་རིགས་འདི་ལྟ་བུ་ལས་བྱུང་སྟེ།ཤེས་རབ་དང་ཡོན་ཏན་འདི་ལྟ་བུ་དག་ལྡན་པ་ཡིན་པས་ལས་ངན་པ་འདི་འདྲ་བ་བདག་གིས་བྱ་བར་མི་རིགས་སོ་ཞེས་བདག་ལ་བལྟས་ཏེ།སྡིག་པའི་ལས་ལ་བག་བྱེད་ཅིང་བག་མེད་པར་མི་འཇུག་པ་ནི་ངོ་ཚ་ཤེས་པ་ཞེས་བྱའོ།།བདག་ཆོ་རིགས་འདི་ལྟ་བུ་ལས་བྱུང་བ་ཤེས་པ་དང་ཡོན་ཏན་འདི་ལྟ་བུ་དང་ལྡན་པས་ལས་ངན་པ་འདི་འདྲ་བ་བདག་གིས་སྤྱད་པའི་ཆ་མ་ཡིན་པར་ཤེས་ཀྱང་བདག་གིས་བདག་ཁྲེལ་བ་མེད་དེ་སྡིག་པའི་ལས་ལ་འཛེམ་པ་མེད་པར་སྤྱད་པ་ནི་ངོ་ཚ་མི་ཤེས་པ་ཞེས་བྱའོ།།འདི་ཡང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ།།འདོད་ཆགས་དང་ཞེ་སྡང་གཉིས་དུས་གཅིག་ཏུ་འབྱུང་མི་སྲིད་པས་ཡང་ན་ནི་གཏི་མུག་དང་འདོད་ཆགས་ཀྱི་དབང་གིས་ངོ་ཚ་མི་ཤེས་པ་འབྱུང་སྟེ།གང་མ་བྱིན་པར་ལེན་པ་དང༌།མི་ཚངས་པར་སྤྱོད་པ་ལ་འཛེམ་པ་མེད་པར་སྤྱོད་པའི་ཚེ་ནའོ།།ཡང་ན་ནི་གཏི་མུག་དང་ཞེ་སྡང་གི་དབང་གིས་ངོ་ཚ་མི་ཤེས་པ་འབྱུང་སྟེ།ནམ་སྲོག་གཅོད་པ་ལ་སོགས་པའི་ལས་ལ་འཛེམ་པ་མེད་པར་ཞུགས་པའི་ཚེ་ནའོ།།ཞེས་གསུངས་ལྟར་རོ།།
འདིའི་ལས་ཀྱང་ཉོན་མོངས་པ་དྲུག་དང་གཡོ་དང་སྒྱུ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་རྣམས་སྐྱེ་བའི་རྒྱུའམ་གྲོགས་བྱེད་པའོ།།
ཁ༡༢ཁྲེལ་མེད་པ།
ཁྲེལ་མེད་པ་ནི།མངོན་པ་ཀུན་བཏུས་ལས།ཁྲེལ་མེད་པ་གང་ཞེ་ན།འདོད་ཆགས་དང༌།ཞེ་སྡང་དང༌།གཏི་མུག་གི་ཆར་གཏོགས་པ་ཁ་ན་མ་ཐོ་བས་གཞན་ལས་མི་འཛེམ་པ་སྟེ།ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་གྲོགས་བྱེད་པའི་ལས་ཅན་ནོ།ཞེས་གསུངས་པ་ལྟར།གཞན་རྒྱུ་མཚན་དུ་བྱས་ནས་ཉེས་པ་ལ་འཛེམ་པ་མེད་པའི་བློའོ།།དེ་ཡང་ཉེས་པ་ལ་འཇུག་ཏུ་ཉེ་བ་ན་སྟོན་པ་དང་གཞན་གྱི་བསམ་པ་ཤེས་པའི་ལྷ་རྣམས་ཐུགས་ཁྲེལ་བར་འགྱུར་ཞིང༌།གང་ཟག་གཞན་གྱིས་སྨད་ན་མི་རུང་ངོ་སྙམ་དུ་གཞན་རྒྱུ་མཚན་དུ་བྱས་ནས་ཉེས་པ་ལ་འཛེམ་པ་ནི་ཁྲེལ་ཡོད་ཡིན་པས། དེ་ལས་ལྡོག་པ་ནི་ཁྲེལ་མེད་དོ།།དེ་ལྟར་ཡང་རབ་བཤད་ལས།ཁྲེལ་མེད་པ་གང་ཞེ་ན།ཁ་ན་མ་ཐོ་བས་གཞན་ལ་མི་འཛེམ་པ་སྟེ།ཁྲེལ་ཡོད་པ་སྔར་བསྟན་ན་ཁྲེལ་མེད་པ་མཇལ་སླ་བར་འགྱུར་བའི་ཕྱིར་ཁྲེལ་ཡོད་པ་ཇེ་བསྟན་པར་བྱའོ།།དེ་ལ་སྡིག་པ་མི་དགེ་བའི་ལས་ངན་པ་འདི་དག་བྱས་ན་འཇིག་རྟེན་པ་རྣམས་འཕྱ་བ་དང་བརྡེག་པ་དང་བཅིང་བ་ལ་སོགས་པའི་གནོད་པ་བྱེད་པར་འགྱུར་རོ་ཞེས་འཇིག་རྟེན་པས་དཔྱས་པ་དང་བཅིང་བ་དང༌།གནོད་པ་བྱས་པར་དོགས་ནས་སྡིག་པའི་ལས་ལ་མི་འཇུག་ཅིང་འཛེམ་པ་ནི་ཁྲེལ་ཡོད་པ་ཞེས་བྱའོ།།སྡིག་པའི་ལས་འདི་དག་བྱས་ན་འཇིག་རྟེན་པས་དཔྱས་པ་དང་བཅིང་བ་དང་བརྡེག་པ་ལ་སོགས་པའི་གནོད་པ་བྱེད་པར་འགྱུར་བར་ཤེས་ཀྱང་གཞན་གྱིས་དཔྱས་པ་དང༌།གནོད་པ་བྱས་པ་ལ་འཛེམ་པ་མེད་པར་སྡིག་པའི་ལས་ལ་འཇུག་པ་ནི་ཁྲེལ་མེད་པ་ཞེས་བྱའོ།།འདི་ཡང་ངོ་ཚ་མི་ཤེས་པ་དང་འདྲ་བར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ།།འདིའི་ལས་ཀྱང་ཉོན་མོངས་པ་དྲུག་དང༌།ཉེ་བའི་ཉོན་མོངས་པ་རྣམས་སྐྱེ་བའི་གྲོགས་སམ་རྒྱུ་བྱེད་པའོ།།ཞེས་དང༌།རིན་ཆེན་འཕྲེང་བ་ལས།ངོ་ཚ་མེད་དང་ཁྲེལ་མེད་པ།རང་དང་གཞན་ལ་མི་འཛེམ་པའོ།།ཞེས་དང་བྱང་ས་ལས།བྱང་ཆུབ་སེམས་དཔའ་ཁ་ན་མ་ཐོ་བ་ཀུན་ཏུ་སྤྱོད་པ་ན་བདག་གི་ཆ་མ་ཡིན་པར་ཤེས་ནས་འཛེམ་པ་ནི་ངོ་ཚ་ཤེས་པའོ།།དེ་ཉིད་གཞན་དག་ལ་འཇིགས་ཤིང་གུས་པས་འཛེམ་པ་ནི་ཁྲེལ་ཡོད་པའོ།།ཞེས་གསུངས་པ་ལྟར་རོ།།ངོ་ཚ་མེད་པ་དང་ཁྲེལ་མེད་པ་འདི་གཉིས་ཀྱིས་ཉོན་མོངས་ཐམས་ཅད་ཀྱི་གྲོགས་བྱེད་ཅིང་ཉེས་པ་ཐམས་ཅད་ཀྱི་རྒྱུ་བྱེད་དེ།ཉེས་པ་ལ་འཛེམ་འདོད་མེད་ན་ཉེས་པ་སྲུང་མི་ནུས་པས་སོ།།དེའི་ཕྱིར་ངོ་ཚ་མེད་པ་དང་ཁྲེལ་མེད་པ་འདི་གཉིས་མི་དགེ་བའི་སེམས་ཐམས་ཅད་དང་མཚུངས་ལྡན་དུ་འབྱུང་བར་མངོན་པ་གོང་འོག་གཉིས་ཀ་ནས་གསུངས་སོ།།
ཁ༡༣རྨུགས་པ།
རྨུགས་པ་ནི།མངོན་པ་ཀུན་བཏུས་ལས།རྨུགས་པ་གང་ཞེ་ན།གཏི་མུག་གི་ཆར་གཏོགས་པ་སེམས་ལས་སུ་མི་རུང་བ་ཉིད་དེ།ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་གྲོགས་བྱེད་པའི་ལས་ཅན་ནོ།ཞེས་གསུངས་པ་ལྟར།གཏི་མུག་གི་ཆ་ཤས་སུ་གྱུར་པ་ལུས་སེམས་ལྕི་ཞིང་ལས་སུ་མི་རུང་བའི་བློ་ཞིག་གོ།དེ་ཡང་རིན་ཆེན་འཕྲེང་བ་ལས།ལུས་སེམས་ལྕི་ཕྱིར་ལས་བྲལ་བ།།གང་ཡིན་པ་ནི་རྨུགས་པའོ།།ཞེས་དང༌།མཛོད་འགྲེལ་ལས་ཀྱང༌།རྨུགས་པ་གང་ཞེ་ན།ལུས་ལྕི་བ་ཉིད་དང་སེམས་ལྕི་བ་ཉིད་དེ།ལུས་ལས་སུ་མི་རུང་བ་ཉིད་དང་སེམས་ལས་སུ་མི་རུང་བ་ཉིད་གང་ཡིན་པའོ།།ཞེས་གསུངས་ཤིང༌།རབ་བཤད་ལས།རྨུགས་པ་གང་ཞེ་ན།སེམས་ལས་སུ་མི་རུང་བ་སྟེ་བློང་བའོ།།དགེ་བའི་ཆོས་ལ་དམིགས་པའི་ཚེ་དམིགས་པར་བྱ་བའི་ཡུལ་སེམས་ཀྱིས་རྟོགས་པར་མི་ནུས་ཤིང་དམིགས་པར་བྱབ་སེམས་ལ་གསལ་བར་འཇོག་མི་ནུས་པ་ནི་སེམས་ལས་སུ་མི་རུང་བ་ཞེས་བྱའོ།།བློང་བ་ནི་སེམས་ལས་སུ་མི་རུང་བ་སྟེ།པགས་པ་བངས་ན་ལྡར་བར་འགྱུར་བ་དང་འདྲ་བར་སེམས་བླུན་པའམ་སེམས་སླུ་བའམ་སེམས་མི་གསལ་བར་འགྱུར་བ་ནི་བློང་བ་སྟེ། སེམས་མི་གསལ་བའི་མཚན་ཉིད་དུ་གྱུར་པ་ལ་རྨུགས་པ་ཞེས་བྱའོ།།འདི་ཡང་གཏི་མུག་གི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ།།འདིའི་ལས་ཀྱང་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་སྐྱེ་བའི་གྲོགས་བྱེད་པའོ།།ཞེས་གསུངས་སོ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号