ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་དང་པོ།ཕུང་པོ་ལྔ་ལས་འདུ་བྱེད་ཀྱི་ཕུང་པོ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
ཁ༣རྟོག་པ།
རྟོག་པ་དང་བཞི་པ་དཔྱོད་པ་གཉིས་ནི།མངོན་པ་ཀུན་བཏུས་ལས།རྟོག་པ་གང་ཞེ་ན།སེམས་པའམ་ཤེས་རབ་ལ་བརྟེན་ནས་ཀུན་ཏུ་འཚོལ་བའི་ཡིད་ཀྱིས་བརྗོད་པ་སྟེ།དེ་ནི་སེམས་རྩིང་བའོ།།ཞེས་གསུངས་པ་ལྟར།མིང་དང་བཅས་པའི་དོན་གྱི་ངོ་བོ་རགས་པ་ཙམ་འཚོལ་བ་ནི།རྟོག་པའོ།།ཕུང་པོ་ལྔའི་རབ་བཤད་ལས་ཀྱང༌།རྟོག་པ་གང་ཞེ་ན།ཀུན་ཏུ་འཚོལ་བ་ཡིད་ཀྱིས་བརྗོད་པ་སྟེ།སེམས་པ་དང་ཤེས་རབ་ཀྱི་བྱེ་བྲག་གང་སེམས་རྩིང་བའོ།།དེ་ལ་འདི་གོ་རྫ་མ་ཞིག་ཡིན་ནམ་སྣམ་བུ་ཞིག་ཡིན་ནམ་ཅི་ཞིག་ཡིན་ཞེས་སྤྱི་ཙམ་རྟོག་པའི་རྣམ་པར་ཞུགས་པ་ལ་ཚོལ་བ་ཞེས་བྱའོ།།ཚོལ་བ་དེ་ཡང་ཡིད་ཀྱིས་རྗོད་པ་སྟེ།ཡིད་ཀྱི་རྣམ་པར་ཤེས་པའི་རང་བཞིན་གྱི་རྟོག་པའོ།།དེ་ལ་ཡིད་ཀྱི་རྗོད་པ་ཞེས་བྱ་བ་ནི་ཡིད་ལ་སྨྲ་བར་བྱེད་ཅེས་བྱ་བའི་དོན་ཏོ།།དཔེར་ན་ཚིག་གིས་འདི་ནི་སྣམ་བུ་འདི་ནི་བུམ་པ་ཞེས་དོན་སྨྲ་བར་བྱེད་པ་དེ་བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་པས་འདི་ནི་སྣམ་བུ་འདི་ནི་བུམ་པའོ་ཞེས་ཡིད་ལ་སྨྲ་ཞིང་ཡིད་ཀྱིས་རྟོག་པ་ནི་ཡིད་ཀྱིས་བརྗོད་པ་ཞེས་བྱའོ།རྟོག་པ་དེ་ཡང་གང་གི་ཤས་ལས་བྱུང་ཞེ་ན།སེམས་སུ་དང་ཤེས་རབ་ཀྱི་བྱེ་བྲག་སྟེ།སེམས་པ་ནི་སེམས་གཡོ་ཞིང་འགུལ་བར་བྱེད་པའི་རང་བཞིན་ཡིན་ལ།ཤེས་རབ་འདི་ནི་ཡོན་ཏན་ཅན།འདི་ནི་ཉེས་པ་ཅན་ཞེས་རྣམ་པར་འབྱེད་པའི་རང་བཞིན་ཅན་ཡིན་པས་སེམས་ཀྱི་རྟོག་པ་ཡང་དེ་གཉིས་ཀྱི་དབང་གིས་འབྱུང་བའི་ཕྱིར།སེམས་པ་དང༌།ཤེས་རབ་གཉིས་ཀྱིས་བྱེ་བྲག་ལས་རྟོག་པ་གདགས་པས་ན་རྟོག་པ་འདི་ཡང་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ།དེ་ལ་བར་བར་ནི་སེམས་དང་སེམས་པ་གཉིས་ལ་རྟོག་པ་གདགས་ཏེ།ནམ་རྟོག་པ་དེ་མི་རྟོག་པའི་ཚུལ་དུ་གནས་པའི་དུས་ནའོ།།བར་བར་ནི་ཤེས་རབ་དང་སེམས་གཉིས་ལ་རྟོག་པ་གདགས་ཏེ།ནམ་རྟོག་པ་དེ་རྣམ་པར་རྟོག་པའི་ཚུལ་དུ་ཞུགས་པའི་དུས་ནའོ།།ཡང་ན་སེམས་པ་དང་ཤེས་རབ་གཉིས་པོ་ཉིད་ལ་རྟོག་པ་ཞེས་གདགས་ཏེ།དེ་གཉིས་ཀྱི་དབང་གིས་འདི་ནི་བུམ་པ་འདི་ནི་སྣམ་བུ་ཞེས་ཞིབ་ཏུ་རྟོག་པ་འབྱུང་བའི་ཕྱིར་རོ།།ཡང་ན་སེམས་འབའ་ཞིག་ལ་རྟོག་པ་གདགས་ཏེ།ནམ་རྟོག་པ་དེ་མི་རྟོག་པའི་ཚུལ་དུ་གནས་པའི་དུས་ནའོ།ཡང་ན་ཤེས་རབ་འབའ་ཞིག་ལ་རྟོག་པ་གདགས་ཏེ།ནམ་རྟོག་པ་དེ་རྟོག་པའི་ཚུལ་དུ་ཞུགས་པའི་ཚེ་ནའོ།།གང་སེམས་རྩིང་བའོ་ཞེས་བྱ་བ་ནི་བུམ་པའི་ནང་ནས་དམར་པོ་ཞེའམ་ལེགས་པ་ཞེའམ་མ་ལེགས་པ་ཞེས་ཞིབ་ཏུ་མི་འཇུག་པའི་འདི་ནི་བུམ་པ་འདི་ནི་སྣམ་བུ་ཞེས་སྤྱི་ཙམ་དུ་རྟོག་པས་ན་སེམས་རྩིང་བ་ཞེས་བྱའོ།
ཁ༤དཔྱོད་པ།
མངོན་པ་ཀུན་བཏུས་ལས།དཔྱོད་པ་གང་ཞེ་ན།སེམས་པའམ་ཤེས་རབ་ལ་ཕན་ནས་སོ་སོར་རྟོག་པའི་ཡིད་ཀྱིས་བརྗོད་པ་སྟེ།དེ་ནི་སེམས་ཞིབ་པའོ།།ཞེས་གསུངས་པ་ལྟར།མིང་དང་བཅས་པའི་དོན་གྱི་ངོ་བོ་ཞིབ་ཏུ་ཕྱེ་ནས་དཔྱོད་པ་ནི་དཔྱོད་པའོ།།ཕུང་པོ་ལྔའི་རབ་བཤད་ལས་ཀྱང༌།དཔྱོད་པ་གང་ཞེ་ན།སོ་སོར་རྟོག་པ་ཡིད་ཀྱིས་བརྗོད་པ་སྟེ།དེ་བཞིན་དུ་སེམས་གང་ཞིབ་པའོ།།སྔར་རྟོག་པས་འདི་ནི་བུམ་པ།འདི་ནི་སྣམ་བུ་ཞེས་བརྟགས་པ་ལས་ཕྱིས་བུམ་པའི་ནང་ན་ཡང་དམར་པོ་ཞིག་ཅེའམ།ནག་པོ་ཞིག་ཅེའམ།བུམ་པ་ངོས་འདི་ནི་དམར་རོ་ཞེའམ།བུམ་པ་འདི་ནི་ལེགས།འདི་ནི་མ་ལེགས་ཞེས་ཞིབ་ཏུ་དཔྱོད་པར་བྱེད་པ་ལ་སོ་སོར་རྟོག་པ་ཞེས་བྱའོ།སོ་སོར་རྟོག་པ་དེ་ཡང་ཡིད་ཀྱིས་བརྗོད་པ་སྟེ།ཡིད་ཀྱི་རྣམ་པར་ཤེས་པས་ཞིབ་ཏུ་རྣམ་པར་རྟོག་པར་བྱེད་པའི་རང་བཞིན་ཡིན་ནོ།།ཡིད་ཀྱིས་བརྗོད་ཅེས་བྱ་བ་ནི་ཡིད་ལ་ཞིབ་ཏུ་སྨྲ་ཞེས་བྱ་བའི་དོན་ཏོ།།དཔེར་ན་ཚིག་གིས་དོན་གྱི་དངོས་པོ་སྨྲ་བ་བཞིན་དུ་ཡིད་ཀྱིས་ཀྱང་བུམ་པ་འདི་ནི་ལེགས།འདི་ནི་མ་ལེགས་ཞེས་ཞིབ་ཏུ་སྨྲ་ཞིང་རྟོག་པར་བྱེད་པས་་ཡིད་ཀྱིས་བརྗོད་པ་ཞེས་བྱ་སྟེ་དེའི་ལས་བསྟན་ཏོ།།དཔྱོད་པ་དེ་ཡང་ཅི་ལ་གདགས་ཤེ་ན།ཇི་ལྟར་རྟོག་པ་སེམས་པ་དང༌།ཤེས་རབ་ཀྱི་བྱེ་བྲག་ལ་གདགས་པ་དེ་བཞིན་དུ་དཔྱོད་པ་འདི་ཡང་སེམས་པ་དང་ཤེས་རབ་ཀྱི་བྱེ་བྲག་ལས་གདགས་ཏེ།དེ་ཉིད་ཀྱི་ཤས་ལས་འབྱུང་བས་ན་འདི་ཡང་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ།།དེ་ལ་བར་བར་ནི་སེམས་དང་སེམས་པ་ལ་དཔྱོད་པ་གདགས་ཏེ།ནམ་དཔྱོད་པདེ་མི་དཔྱོད་པའི་དུས་སུ་གནས་པའི་ཚེ་ནའོ།།བར་བར་ནི་སེམས་དང་ཤེས་རབ་གཉིས་ལ་དཔྱོད་པ་གདགས་ཏེ།ནམ་དཔྱོད་པ་དེ་བཞིན་དུ་དཔྱོད་པའི་ཚུལ་དུ་ཞུགས་པའི་ཚེ་ནའོ།།ཡང་ན་སེམས་འབའ་ཞིག་ལ་དཔྱོད་པ་གདགས་ཏེ་ནམ་དཔྱོད་པ་དེ་མི་དཔྱོད་པའི་ཚུལ་དུ་ཞུགས་པའི་ཚེ་ནའོ།།ཡང་ན་ཤེས་རབ་འབའ་ཞིག་ལ་དཔྱོད་པ་གདགས་ཏེ།ནམ་དཔྱོད་པ་དེ་ཞིབ་ཏུ་དཔྱོད་པའི་ཚེ་ནའོ།།གང་སེམས་ཞིབ་པའོ་ཞེས་བྱ་བ་ནི་སྔར་རྟོག་པས་བུམ་པ་ཙམ་ཞིག་ཏུ་བརྟགས་པའི་འོག་ཏུ་དཔྱོད་པ་འདི་ནི་བུམ་པའི་ནང་ན་ལེགས་པ་ཞིག་ཡིན།འདི་ནི་མ་ལེགས་པ་ཞིག་ཡིན་ཞེས་ཕྲར་རྟོག་པར་བྱེད་པས་ན་སེམས་པ་ཞེས་པ་སྟེ་དེས་ནི་རང་བཞིན་བསྟན་ཏོ།།ཞེས་གསུངས་སྟེ།སྐུ་མཆེད་གཉིས་ཀ་གསུང་མཐུན་པར་སྣང་ངོ།།
རྟོག་དཔྱོད་གཉིས་ཀྱི་བྱེད་ལས་ལ་རེག་པར་གནས་པ་དང་རེག་པར་མི་གནས་པའི་རྟེན་བྱེད་པར་གསུངས་སྟེ།རྟོག་དཔྱོད་གཉིས་ལ་དགེ་མི་དགེའི་ཆ་གཉིས་ཡོད་པས།དགེ་བའི་ཕྱོགས་སུ་གྱུར་པའི་རྟོག་དཔྱོད་གཉིས་ཀྱིས་ནི་འབྲས་བུ་ཡིད་འོང་སྐྱེད་པར་བྱེད་པས་བདེ་བ་ལ་རེག་པར་གནས་པའི་རྟེན་བྱེད་པ་ཞེས་བྱ་ལ།མི་དགེ་བའི་ཕྱོགས་སུ་གྱུར་པའི་རྟོག་དཔྱོད་གཉིས་ཀྱིས་ནི་འབྲས་བུ་ཡིད་མི་འོང་སྐྱེད་པར་བྱེད་པས་བདེ་བ་ལ་རེག་པར་མི་གནས་པའི་རྟེན་བྱེད།དེ་ཡང་འཁོར་བ་ལས་ངེས་པར་འབྱུང་བའི་བསམ་པས་བདག་མེད་པའི་དོན་ལ་རྟོག་པ་དང་དེ་ལ་ཞིབ་ཏུ་དཔྱོད་པ་སོགས་ནི་དགེ་བའི་ཕྱོགས་དང༌།འདོད་ཆགས་དང་ཁོང་ཁྲོ་སོགས་ཀྱིས་ཀུན་ནས་བསླངས་ཏེ་ཡུལ་ཡིད་དུ་འོང་བ་དང་མི་འོང་བའི་ཚུལ་ལ་རྟོག་པ་དང་ཞིབ་ཏུ་དཔྱོད་པ་སོགས་ནི་མི་དགེ་བའི་ཕྱོགས་སུ་གྱུར་པ་ཡིན་ལ།དགེ་མི་དགེའི་སེམས་གང་ཡང་མ་ཡིན་པར་བཟོའི་གནས་དང་ལམ་སོགས་ལ་རྟོག་པ་དང་དཔྱོད་པ་སོགས་ནི་ལུང་མ་བསྟན་གྱི་ཆ་ཡིན་ནོ།།
འགྱོད་གཉིད་རྟོག་དཔྱོད་བཞི་པོ་འདི་ལགཞན་འགྱུར་ཞེས་བརྗོད་པ་ནི་ཀུན་སློང་གི་བསམ་པ་དང་མཚུངས་ལྡན་གྱི་དབང་གིས་དགེ་མི་དགེ་ལུང་མ་བསྟན་ཅི་རིགས་སུ་འགྱུར་བས་ན་གཞན་དུ་འགྱུར་བ་ཞེས་བྱའོ།།འགྱོད་གཉིད་རྟོག་དཔྱོད་ཉོན་མོངས་ཅན་རྣམས་ཀྱིས་སྤྱིར་དགེ་བའི་ཕྱོགས་ཐམས་ཅད་ལ་སྒྲིབ་ཅིང༌།ལྷག་པར་བསླབ་པ་གསུམ་ལ་སྒྲིབ་པར་བྱེད་དོ།།མདོ་ལས་སྒྲིབ་པ་ལྔ་ཞེས་གསུངས་པ་ནི།མགོན་པོ་ཀླུ་སྒྲུབ་ཀྱིས་རྒོད་དང་འགྱོད་དང་གནོད་སེམས་རྨུགས་པ་དང༌།།གཉིད་དང་འདོད་ལ་འདུན་དང་ཐེ་ཚོམ་སྟེ།།སྒྲིབ་པ་ལྔ་པོ་འདི་དག་དགེ་བའི་ནོམ།འཕྲོག་པའི་ཆོམ་རྐུན་ལགས་པར་རིག་པར་མཛོད།།ཅེས་གསུངས་པ་ལྟར།གཉིད་ལ་སོགས་པ་སྒྲིབ་པ་ལྔ་པོ་འདིས་ཀྱང་སྤྱིར་དགེ་བའི་ཕྱོགས་ཐམས་ཅད་དང༌།ལྷག་པར་བསླབ་པ་གསུམ་ལ་སྒྲིབ་པར་གསུངས་སོ།།སྒྲིབ་པ་ལྔ་ནི།རྒོད་པ་དད་འགྱོད་པ་གཉིས་སྒྲིབ་པ་གཅིག་ཏུ་བྱས།གཉིད་རྨུག་གཉིས་སྒྲིབ་པ་གཅིག་ཏུ་བྱས།གནོད་སེམས་འདོད་པ་ལ་འདུན་པ་ཐེ༌།ཚོམ་རྣམས་རེ་རེར་བྱས་པས་ལྔའོ།།དེ་ཡང་འདོད་པ་ལ་འདུན་པ་དང་གནོད་སེམས་གཉིས་ཀྱིས་གཙོ་བོར་ཚུལ་ཁྲིམསཀྱི་བསླབ་པ་སྒྲིབ་པར་བྱེད།གཉིད་དང་རྨུགས་པ་དང་རྒོད་པ་དང་འགྱོད་པ་རྣམས་ཀྱིས་གཙོ་བོར་སེམས་ཀྱི་བསླབ་པ་ལ་སྒྲིབ་པར་བྱེད།ཐེ་ཚོམ་རྟོག་དཔྱོད་གཉིས་ཀྱིས་གཙོ་བོར།ཤེས་རབ་ཀྱི་བསླབ་པ་ལ་སྒྲིབ་པར་གསུངས་སོ།ཡང་སྒྲིབ་པ་ལྔ་པོ་འདིས་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ལ་སྒྲིབ་པར་མངོན་པ་ཀུན་བཏུས་ལས་གསུངས་ལ།ཏིང་ངེ་འཛིན་གཅིག་པུ་ལ་སྒྲིབ་བྱེད་དུ་ཡང་སྡོམ་པ་ཉི་ཤུ་པའི་འགྲེལ་པ་ལས་བཤད་དེ།མདོར་ན་འདི་དང་བཤད་གཞི་ཤིན་ཏུ་ཆེ་བས་མངོན་པ་གོང་འོག་ནས་བཤད་པའི་ཚུལ་དང༌།གཞུང་གཞན་ནས་བཤད་པའི་རྣམ་གྲངས་མང་དུ་སྣང་ངོ༌།།
འོ་ན་རྨུགས་པ་ནི་ཉེ་ཉོན་གྱི་སྐབས་སུ་བྱུང་ལ།གཉིད་ནི་གཞན་འགྱུར་གྱི་སྐབས་སུ་བྱུང་བ་ལ་སྒྲིབ་པ་ལྔའི་སྐབས་སུ་གཅིག་ཏུ་སྡུད་པའི་རྒྱུ་མཚན་གང༌།དེ་བཞིན་དུ་རྒོད་པ་ཉེ་ཉོན་གྱི་སྐབས་སུ་བྱུང་ལ།འགྱོད་པ་གཞན་འགྱུར་གྱི་ནང་དུ་བྱུང་བ་ལ་འདིར་གཅིག་དུ་སྡུད་པའི་རྒྱུ་མཚན་གང་སྙམ་ན།སྤྱིར་རྨུགས་པ་དང་གཉིད་མི་གཅིག་སྟེ།རྨུགས་པ་ནི་གཏི་མུག་གི་ཆར་གཏོགས་ཡིན་ལ།གཉིད་ལ་དགེ་མི་དགེ་ཅི་རིགས་ཡོད་པས་རྨུགས་པ་ཉེ་ཉོན་དང་གཉིད་གཞན་འགྱུར་དུ་གསུངས་སོ།།དེ་བཞིན་དུ་རྒོད་འགྱོད་གཉིས་ལ་ཡང་རྒོད་པ་ནི་འདོད་ཆགས་ཀྱི་ཆར་གཏོགས་དང༌། འགྱོད་པ་ལ་དགེ་མི་དགེ་ཅི་རིགས་ཡོད་པས་རྒོད་པ་ཉེ་ཉོན་དང་འགྱོད་པ་གཞན་འགྱུར་དུ་གསུངས་སོ།།སྒྲིབ་པ་ལྔའི་སྐབས་སུ་གཅིག་ཏུ་བྱས་པ་ནི།རྒྱུ་གཅིག་གིས་སྐྱེས་པ་དང༌།གཉེན་པོ་གཅིག་གིས་སྤོང་བ་དང༌།བྱེད་ལས་གཅིག་ཏུ་མཐུན་པས་ན་སྒྲིབ་པ་གཅིག་ཏུ་གསུངས་སོ།།རྒྱུ་གཅིག་གིས་སྐྱེད་པ་ནི།གཉིད་རྨུགས་གཉིས་ཁ་ཟས་ཚོད་མི་ཟིན་པ་དང༌།སེམས་མི་དགའ་བ་དང་སེམས་ཞུམ་པ་དང༌།རོ་མྱང་བ་སོགས་ལས་སྐྱེ་ཞིང༌།རྒོད་འགྱོད་གཉིས་ནི།སྔོན་འདོད་པའི་ཡོན་ཏན་སྤྱད་པ་དང༌།རྩེ་བ་དང༌།དགོད་པ་སོགས་དང༌།མི་འཆི་བའི་རྣམ་རྟོག་སོགས་ལས་སྐྱེ་བའོ།།གཉེན་པོ་གཅིག་གིས་སྤོང་བ་ནི།རྨུགས་གཉིད་གཉིས་ནི་སྣང་བའི་འདུ་ཤེས་ཀྱིས་སེལ་ཞིང༌།རྒོད་འགྱོད་གཉིས་ནི།ནང་དུ་དམིགས་པ་ལ་འཛིན་པས་སེལ་ལོ།།བྱེད་ལས་མཐུན་པ་ནི།རྨུགས་གཉིད་གཉིས་ཀྱིས་སེམས་ནང་དུ་ཞུམ་པར་བྱེད་པས་ཏིང་ངེ་འཛིན་ལ་བར་དུ་གཅོད་ཅིང་ལྷག་པར་དམིགས་པ་གསལ་བ་ལབར་དུ་གཅོད་ལ།རྒོད་འགྱོད་གཉིས་ཀྱིས་རྩེ་གཅིག་ཏུ་གནས་པ་ལ་བར་དུ་གཅོད་པས་བྱེད་ལས་མཐུན་པའོ།།
དེ་ལྟར་རྩ་ཉོན་དང་ཉེ་ཉོན་གཞན་འགྱུར་བའི་རྣམས་ལ་ངོས་འཛིན་ཙམ་རེ་བཤད་པ་ཡིན་གྱི་རྒྱས་པར་བཤད་ན་སོ་སོའི་ངོ་བོ་གང་ཡིན་པ་དང༌།རྒྱུ་གང་ལས་སྐྱེ་བའི་ཚུལ་དང༌།སོ་སོའི་དམིགས་པ་དང༌།མཚུངས་ལྡན་དང༌།རྣམ་གྲངས་དང༌།དགེ་མི་དགེ་ལུང་མ་བསྟན་གང་དུ་འགྱུར་བའི་ཚུལ་དང༌།ལུང་མ་བསྟན་ལ་ཡང་བསྒྲིབས་ལ་ལུང་མ་བསྟན་དང༌།མ་བསྒྲིབས་ལུང་མ་བསྟན་གྱི་ཚུལ་གཉིས་དང༌།སོ་སོའི་ཉེས་དམིགས་དང༌།གཉེན་པོ་གང་གིས་སྤོང་བའི་ཚུལ་དང༌།དེ་ལ་ཡང་འཇིག་རྟེན་པའི་ལམ་གྱིས་སྤོང་ཚུལ་དང༌།འཇིག་རྟེན་ལས་འདས་པའི་ལམ་གྱིས་སྤོང་ཚུལ་གྱི་ཁྱད་པར་དང༌།འདས་ལམ་གྱིས་སྤོང་ཚུལ་ལ་ཡང་ལམ་སོ་སོའི་ངོ་སྐལ་གྱི་སྤང་བྱ་ཇི་ལྟར་སྤོང་བའི་ཚུལ་དང༌།མཐོང་སྤང་དང་སྒོམ་སྤང་གི་ཁྱད་པར་དང༌།ཉོན་སྒྲིབ་དང་ཤེས་སྒྲིབ་སྤོང་ཚུལ་གྱི་ཁྱད་པར་སོགས་མཐའ་དག་པར་ཤེས་དགོས་པས་ཐོགས་མེད་སྐུ་མཆེད་གཉིས་ཀྱི་གཞུང་ལས་ཚུལ་འདི་དག་རྒྱས་པར་འབྱུང་བས་དེ་དག་ལ་བལྟས་ནས་ཤེས་དགོས་སོ།
(དོན་བསྡུ་བ།
སེམས་བྱུང་འདི་དག་གིས་སྤྱིར་སེམས་ཀྱི་ས་མང་དང༌།དགེ་སྡིག་གི་སེམས་བྱུང་རྣམས་ཀྱི་ཁྱད་པར་འབྱེད་པའི་གཙོ་བོར་འདི་ཙམ་གསུང་ཞིང་གཞན་ཡང་སེམས་པ་དང་འདུ་ཤེས་སོགས་ཀྱི་ཁྱད་པར་ལས།སྐྱོ་བ་དང་མི་སྐྱོ་བ།དཀའ་བ་དང་མི་དཀའ་བ།བཟོད་པ་དང་མི་བཟོད་པ་སོགས་རྣམ་གྲངས་ཤིན་ཏུ་མང་པོར་འགྱུར་བ་ཤེས་པར་བྱའོ།།དེ་རྣམས་ནི་སེམས་དང་མཚུངས་ལྡན་གྱི་འདུ་བྱེད་དོ།།
༢ལྡན་མིན་འདུ་བྱེད།
ལྡན་མིན་འདུ་བྱེད་ལ་དེར་འཇོག་པའི་འཐད་པ།འཐད་པ་དེ་ལྡན་གྱི་ལྡན་མིན་འདུ་བྱེད་ཀྱི་དབྱེ་བ།དེས་མཚོན་ཏེ་ཤེས་པར་བྱ་བ་གསུམ།
()དེར་འཇོག་པའི་འཐད་པ།
སེམས་བྱུང་ལྟ་བུའི་འདུ་བྱེད་མིན་ཡང་འདུས་བྱས་སུ་ནི་གཏོགས་དགོས་ཤིང་བེམ་ཤེས་གང་རུང་དུ་བསྡུ་བར་མི་འོས་པའི་ཐ་སྙད་དོན་མཐུན་མི་རྟག་པ་ལྟ་བུ་སོགས་བེམ་པོ་ཡིན་ན་ཤེས་པ་ལ་དེ་མེད་པར་འགྱུར་པ་སོགས་ཀྱི་ཆོས་ལ་སེམས་དང་མཚུངས་བར་ལྡན་པ་མིན་པའི་འདུ་བྱེད་ཀྱི་ཆོས་ཡིན་པ་ཞེས་བྱའོ།།དེ་ལྟར་བེམ་ཤེས་ལྡན་མིན་འདུ་བྱེད་གསུམ་གྱིས་འདུས་བྱས་ཐམས་ཅད་བསྡུས་པར་རིག་པར་བྱ་སྟེ།རྡུལ་དུ་གྲུབ་པ་བེམ་པོའོ།།གསལ་ཞིང་རིག་པ་ཤེས་པའོ།།དེ་གཉིས་མ་ཡིན་པའི་འདུས་བྱས་ཐམས་ཅད་ལྡན་མིན་འདུ་བྱེད་དོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号