ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་གཉིས་པ།ཁམས་བཅོ་བརྒྱད་ལས་ཁམས་ཀྱི་རབ་དབྱེ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
 
བཅུ་བཞི་པ།རྡུལ་ཕྲན་བསགས་པ་ཡིན་མིན།
 
གཟུགས་ཅན་གྱི་ཁམས་བཅུ་ནི་རྡུལ་ཕྲན་བསགས་པའོ།།ལྷག་མ་ནི་མ་བསགས་པའོ།།
 
བཅོ་ལྔ་པ།གཅད་བྱ་གཅོད་བྱེད་ཡིན་མིན།
 
སྟ་རེ་ལྟ་བུ་མཚོན་སོགས་གཅོད་བྱེད་ཡིན་པ་དང༌།དེས་ཙན་ཏན་གྱི་ཤིང་ལྟ་བུ་གཅད་བྱ་ཡིན་པ་གཟུགས་དྲི་རོ་རེག་བཞི་ཁོ་ན་སྟེ།གཞན་བཅུ་བཞི་པོ་གཅད་བྱ་གཅོད་བྱེད་མིན་ནོ།མེར་སྲེག་པ་དང་སྲང་ལ་འཇལ་བྱ་ཉིད་ཀྱང་དེ་བཞིན་ནོ།
 
བཅུ་དྲུག་པ།མཐོང་སྒོམ་གྱི་སྤང་བྱ་ཡིན་མིན།
 
མཐོང་སྤངས་ཀུན་བཏགས་སྒོམ་སྤངས་ལྡན་ཞེས་པ།ཀུན་བཏགས་ནི་བདག་ཏུ་ལྟ་བ་དང༌།རྟག་ཆད་དུ་ལྟ་བ་དང༌།ལོག་པར་ལྟ་བ་ལ་སོགས་གྲུབ་མཐའ་ངན་པས་གསར་དུ་བཏགས་པ་རྣམས་ཡིན་ལ།དེ་ཡང་ལམ་ངན་པ་ལ་ཞུགས་པ་རྣམས་ལ་མངོན་དུ་ཡོད་ལ།གྲུབ་མཐའ་བློ་མ་བསྒྱུར་བ་རྣམས་ལའང་ས་བོན་ཡོད་དོ།།ལྷན་སྐྱེས་ནི།ཡེ་ནས་རང་རྒྱུད་ལ་ཡོད་པའི་བདག་ལྟ་དང་ཆགས་སྡང་སོགས་ཉོན་མོངས་པ་རྣམས་ཡིན་ཏེ།ལུས་ལ་དམིགས་པའི་ཆགས་པ་སོགས་སོ།།དེས་ན་མཐོང་སྤང་ནི་གཟུགས་སོགས་དབང་པོའི་ཡུལ་ལ་ལོག་པར་ཞུགས་པ་ཡིན་ནོ།
 
བཅུ་བདུན་པ།བྱུང་བ་གསུམ་གྱི་ཁྱད་པར།
 
བྱུང་བ་གསུམ་གྱི་ཁྱད་པར་དབྱེ་ན།ཚེ་སྔོན་མའི་ལས་ཀྱི་རྣམ་སྨིན་དང་འཕྲལ་དུ་སྨན་སོགས་ཀྱིས་རྒྱས་བྱུང་ནི་ནང་གི་དབང་པོ་ལྔའོ།།ཤེས་པ་སྔ་མ་ལས་རང་རང་གི་རིགས་འདྲའི་རྒྱུ་མཐུན་པ་དང་སྔོན་གྱི་རྣམ་སྨིན་ལས་སྐྱེས་པ་སེམས་ཁམས་བདུན་དང་ཆོས་ཁམས་ཀྱི་ཕྱོགས་གཅིག་ལུང་མ་བསྟན་གྱི་སེམས་བྱུང་རྣམ་སྨིན་ལས་སྐྱེས་བ་རྣམས་ཏེ་སྔོན་བཤད་པ་ལྟར་ཐོགས་པ་མེད་པ་བརྒྱད་པོ་དེའི་ཆ་འགའོ།།སྒྲ་ལ་རྒྱུན་མེད་པས་རྣམ་སྨིན་ལས་སྐྱེས་བ་མིན་ལ།འོ་ན་གདགས་པའི་བསྟན་བཅོས་ལས།དེ་བཞིན་གཤེགས་པའི་གསུང་སྒྲ་གདངས་ཀྱི་མཚན།།གང་གིས་འཐོབ་པར་འགྱུར་བ་མཉན་པར་གྱིས།།ཚིག་རྩུབ་དང་ནི་ཀྱལ་བ་རྣམས་སྤང་བས།།དེ་བཞིན་གཤེགས་པའི་མཚན་ནི་ཐོབ་པར་འགྱུར།།ཞེས་རྣམ་སྨིན་ལས་སྐྱེ་བར་བཤད་པ་དང༌།ལུང་ཕྲན་ཚེགས་ལས་ཚེ་དང་ལྡན་པ་སྙན་པ་བཟང་ལྡན་ང་རོ་སྙན་པའང་སྔོན་སངས་རྒྱས་འཁོར་བ་འཇིག་གི་མཆོད་རྟེན་ལ་དྲིལ་བུ་ཕུལ་བ་དང་ཁུ་བྱུག་ཏུ་སྐྱེས་པ་ན་སངས་རྒྱས་འོད་སྲུང་ལ་སེམས་དད་པས་སྐད་སྙན་པ་བྱུང་སྟེ་བསྐོར་བ་བྱས་པའི་རྣམ་སྨིན་ལས་བྱུང་བར་བཤད་ལ།ཇི་ལྟར་ཞེ་ན།དབྱངས་སྙན་མི་སྙན་དུ་བྱེད་པའི་རྒྱུ་མགྲིན་པའི་དབྱིབས་སོགས་རྣམ་སྨིན་ལས་སྐྱེས་པའོ།འདི་ལ་ཉི་འོག་བྱེ་སྨྲ་དང༌།ཁ་ཆེ་བ་འདོད་ཚུལ་རིམ་བཞིན་བརྒྱུད་པ་གསུམ་དང་ལྔ་ཡིན་ནོ་ཞེས་ཟེར་ཡང་དོན་དུ་གཉིས་ཀ་ལྟར་ན་དེ་དག་རྒྱུད་ནས་བྱུང་བས་དེ་ལྟར་བཤད་ཀྱི་དངོས་སུ་ནི་མ་ཡིན་ཏེ།འདོད་པ་ཙམ་གྱིས་མི་འབྱུང་བ་དང༌།ཆད་ནས་མཚམས་མི་སྦྱོར་བའི་ཕྱིར་རོ།།འདི་དག་གི་ལྷག་མ་གཟུགས་དྲི་རོ་རེག་དབང་པོའི་ཚོགས་པ་ན་ཡོད་པ་རྣམས་ལ་རྒྱུ་མཐུན་རྒྱས་བྱུང་རྣམ་སྨིན་ལས་བྱུང་བ་གསུམ་ཡོད་ལ།ཕྱི་རོལ་གྱི་ཁམས་མྱུ་གུ་ལ་སོགས་པ་རྣམས་རྒྱུ་མཐུན་ཁོ་ན་ལས་སོ།།རྒྱས་བྱུང་ཞེས་པ་ལུས་རྒྱས་བའི་རྒྱུ་བཞི་ནི།ཁམས་ཀྱི་ཟས་དང་ཏིལ་མར་སོགས་ལུས་ལ་བསྐུ་ཞིང་ལག་པས་མཉེ་སྟེ་ཆུས་བཀྲུས་ནས་སྲན་འཇམ་གྱིས་དྲིལ་ཞིང་ཕྱིས་བ་སོགས་ལེགས་པར་བྱ་བ་དང༌།གཉིད་དང༌།ཏིང་ངེ་འཛིན་བཞིའོ།།
 
བཅོ་བརྒྱད་པ།དབང་པོའི་ཁྱད་པར།
 
དབང་པོ་རྣམས་ལ་རང་གི་ཤེས་པ་དངོས་སུ་རྟེན་པའི་བྱ་བ་ཡིད་རྟོག་པར་བྱེད་བཞིན་པ་ཤེས་པ་ཡུལ་ལ་སད་ཅིང་གཟུགས་ལ་རྟོག་བཞིན་པའི་མིག་དབང་གི་གནས་སྐབས་ལྟ་བུ་ལ་དབང་པོ་རྟེན་བཅས་དང༌།དེ་ལྟ་མིན་པ་གཉིད་ལོག་པའི་མིག་དབང་ལྟ་བུ་ཡུལ་འཛིན་གྱི་བྱ་བ་དངོས་སུ་མི་བྱེད་ཀྱང་ས་བོན་གྱི་ཁམས་འཛིན་པ་དེ་ལ་དེ་མཚུངས་ཞེས་བྱའོ།།གཟུགས་ཁམས་སོགས་གོང་མའི་ལུས་ལ་ཡོད་པ་སོགས་འོག་མའི་མིག་རྟེན་པ་མིན་ཏེ།རང་ས་ན་འོག་མ་ལས་ཁྱད་པར་དུ་འཕགས་པའི་མིག་མཆོག་ཏུ་གྱུར་བ་ཡོད་པའི་ཕྱིར་རོ།ཁམས་འོག་མའི་མིག་དབང་གིས་གོང་མའི་གཟུགས་མི་མཐོང་སྟེ་ཕྲ་བའི་ཕྱིར།རྣ་བས་གོང་མའི་སྒྲ་མི་ཐོས་པའང་དེ་ལྟ་བུའོ།།འདོད་པའི་ཁམས་པས་བསྒོམ་སྟབས་ཀྱིས་ལྷའི་མིག་དང་རྣ་བ་ཐོབ་ན།བསམ་གཏན་གང་ལ་བརྟེན་པ་དེ་ཡི་སས་བསྡུས་པའི་འབྱུང་བ་ཆེན་པོ་རྒྱུར་བྱས་བའི་དབང་པོ་དྭངས་པ་རང་གི་མིག་དང་རྣ་བའི་ཐེན་ཀོར་ཏེ་ཉེ་ཀོར་དུ་འབྱུང་སྟེ།དབང་པོ་དེ་ནི་རྟག་ཏུ་གཟུགས་སོགས་མི་མཐོང་བ་མེད་པས་རྟེན་བཅས་ཡིན་ལ།ཞར་འོན་ལྟ་བུའི་མ་ཚང་བ་མེད་ཅིང་ཐག་རིང་བ་དང༌།ཕྲ་བའི་གཟུགས་དང༌།རི་སོགས་ཀྱིས་བསྒྲིབ་ཅིང་བར་ཆོད་པ་རྣམས་ཀྱང་མཐོང་བ་དང་ཐོས་བར་བྱེད་པའོ།།དེ་ཡང་བསམ་གཏན་དང་པོའི་དབང་པོས་རང་ས་དང་འདོད་པའི་སྤྱོད་ཡུལ་ཤེས་པ་སོགས་ཏེ་རྟེན་འདོད་ཁམས་པའི་རང་སའི་མིག་གིས་འདོད་ཁམས་ཀྱི་གཟུགས་མཐོང་བ་རྟེན་ཡུལ་དབང་པོ་གསུམ་ཀ་མཚུངས་པ།རྟེན་དེས་བསམ་གཏན་བཞི་བའི་མིག་བསྒྲུབ་ནས་ས་དེའི་གཟུགས་རྣམས་མཐོང་བ་དབང་ཡུལ་མཚུངས་ལ་རྟེན་མི་མཚུངས་པ།མིག་དེས་འདོད་ཁམས་ཀྱི་གཟུགས་ལ་ལྟ་ན་རྟེན་ཡུལ་མཚུངས་ལ་དབང་པོ་མི་མཚུངས་པ།བསམ་གཏན་འོག་མ་གསུམ་གྱི་གཟུགས་ལ་ལྟ་ན་གསུམ་ཀ་མི་མཚུངས་པ་སོགས་འགྲེའོ།།ལྷའི་མིག་དེ་ལྟ་བུ་དགྲ་བཅོམ་པ་ལ་ཡོད་པས་འདུ་བྱེད་བསྐྱེད་ན་སྟོང་གཉིས་པ་བར་མའི་འཇིག་རྟེན་དང༌།རང་རྒྱལ་བསེ་རུ་ལྟ་བུས་སྟོང་གསུམ་པའི་སྟོང་ཆེན་པོ་དང༌།སངས་རྒྱས་ཀྱི་སྟོང་གསུམ་གྲངས་མེད་པའི་བར་དུ་གཟིགས་སོ།།ལྷའི་མིག་དེ་ཚེ་འདིར་བསམ་གཏན་བསྒོམས་སྟོབས་ཀྱིས་མིན་ཀྱང་འདོད་པའི་ས་འདིར་སྔོན་བསྒོམ་པ་སོགས་ཀྱི་རྣམ་སྨིན་ལས་སྐྱེས་པ་སྐྱེས་ཐོབ་པ་ཡོད་ཀྱང་དེས་བར་སྲིད་མི་མཐོང་ཞེས་བཤད་དོ།དེ་ལ་སོགས་པ་ཁམས་གོང་འོག་གི་དབང་པོ་དང་ཤེས་པ་འབྱུང་ཚུལ་སྣ་ཚོགས་པ་ཤེས་པར་བྱའོ།
(རྟ་མགྲིན་རྒྱལ།ཚེ་རིང་རྣམ་རྒྱལ།)
 
བསམས་གཞིགས།
༡ཁམས་བཅོ་བརྒྱད་གང་དག་ཡིན།
༢སེམས་ཀྱི་ཁམས་བདུན་གང་དག་ཡིན།
༣ཡིད་ཀྱི་ཁམས་ཞེས་གང་འདྲ་ཞིག་ལ་ངོས་འཛིན་དགོས།
༤ཆོས་ཀྱི་ཁམས་གང་དག་ཡིན།
༥འདུས་མ་བྱས་ཞེས་པ་ཅི།གང་དག་ཡིན།
༦སོ་སོར་བརྟག་འགོག་དང་བརྟག་མིན་འགོག་པ་གཉིས་ཀྱི་ཁྱད་པར་ཅི
༧དབང་པོ་དང་དབང་པོའི་ཁམས་ཀྱི་ཁྱད་པར་ཅི།
༨རྣམ་པར་ཤེས་པ་དང་རྣམ་པར་ཤེས་པའི་ཁམས་ཀྱི་ཁྱད་པར་ཅི།
༩ཁམས་ཀྱི་རབ་དབྱེ་ལ་དབྱེ་ཚུལ་དུ་ཡོད།
༡༠ཁམས་བཅོ་བརྒྱད་ལས་ཟག་པ་དང་བཅས་པ་དུ་ཡོད།གང་དག་ཡིན།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号