ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་གཉིས་པ།ཁམས་བཅོ་བརྒྱད་ལས་ཁམས་ཀྱི་རབ་དབྱེ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
 
བརྒྱད་པ།དམིགས་བཅས་དམིགས་མེད།
 
དམིགས་པ་དང་བཅས་པ་ནི་མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་སེམས་ཀྱི་ཁམས་དྲུག་དང༌།ཡིད་ཀྱི་ཁམས་ཀྱིས་བསྣན་ཏེ་སེམས་ཀྱི་ཁམས་བདུན་དང༌།ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་སེམས་ལས་བྱུང་བའི་རང་བཞིན་རྣམས་སོ།།ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ཞེས་པ་ནི།དེ་ལ་ཆ་གཉིས་སུ་གཞག་སྟེ།སེམས་ལས་བྱུང་བའི་རང་བཞིན་དང༌།སེམས་ལས་བྱུང་བ་མ་ཡིན་པའི་རང་བཞིན་ནོ།།ཚོར་བ་དང༌།འདུ་ཤེསདང༌།འདུ་བྱེད་ཀྱི་ཕུང་པོ་ལ་འདུ་བྱེད་སེམས་དང་ལྡན་པ་ལྔ་བཅུ་རྩ་གཅིག་ནི་སེམས་ལས་བྱུང་བའི་རང་བཞིན་ཞེས་བྱའོ།།རྣམ་པར་རིག་བྱེད་མ་ཡིན་པ་དང༌།འདུས་མ་བྱས་བཞི་དང༌།འདུ་བྱེད་ཀྱི་ཕུང་པོ་ལ་འདུ་བྱེད་སེམས་དང་མི་ལྡན་པ་རྣམས་ནི་སེམས་ལས་བྱུང་བ་མ་ཡིན་པའི་རང་བཞིན་ནོ།།
མིག་གི་ཁམས་ནས་ལུས་ཀྱི་ཁམས་ཀྱི་བར་དུ་དབང་པོ་ལྔ་དང༌།གཟུགས་ཀྱི་ཁམས་ནས་རེག་བྱའི་ཁམས་ཀྱི་བར་དུ་ཡུལ་ལྔ་སྟེ་བཅུ་དང༌།ཆོས་ཀྱི་ཁམས་ལས་སེམས་ལས་བྱུང་བའི་རང་བཞིན་དང༌།སེམས་ལས་བྱུང་བ་མ་ཡིན་པའི་རང་བཞིན་གཉིས་ཡོད་པ་ལས་ནི་གང་ཆོས་ཀྱི་ཁམས་ཕྱོགས་གཅིག་སེམས་ལས་བྱུང་བའི་རང་བཞིན་མ་ཡིན་པ་འདུ་བྱེད་སེམས་དང་མི་ལྡན་པ་ཐམས་ཅད་དང༌།རྣམ་པར་རིག་བྱེད་མ་ཡིན་པ་དང༌།འདུས་མ་བྱས་བཞི་ནི་དམིགས་པ་མེད་པ་ཞེས་བྱའོ།།དོན་དུ་ན་སེམས་དང་སེམས་ལས་བྱུང་བ་ལ་ནི་དམིགས་པའི་ཡུལ་ཡོད་པར་བཤད་ཀྱི།སེམས་དང་སེམས་ལས་བྱུང་བ་མ་ཡིན་པ་རྣམས་ལ་ནི།དམིགས་པའི་ཡུལ་མེད་པར་བཤད་དོ།།
 
དགུ་པ།རྟོག་བཅས་རྟོག་མེད།
 
ཡིད་ཀྱི་ཁམས་དང༌།ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང༌།ཆོས་ཀྱི་ཁམས་ལ་ཆ་གཉིས་ཏེ།སེམས་ལས་བྱུང་བའི་རང་བཞིན་དང༌།སེམས་ལས་བྱུང་བ་མ་ཡིན་པའི་རང་བཞིན་གཉིས་ཡོད་པ་ལས།སེམས་ལས་བྱུང་བའི་རང་བཞིན་རྣམས་ནི་རྟོག་པ་དང་བཅས་པ་ཞེས་བྱའོ།།ཅིའི་ཕྱིར་ཞེ་ན།འདི་ལྟར་རྟོག་པ་རྣམ་པ་གསུམ་ཡོད་དེ།རང་བཞིན་གྱིས་རྟོག་པ་དང༌།རྗེས་སུ་དྲན་པའི་རྟོག་པ་དང༌།གཏན་ལ་འབེབས་པའི་རྟོག་པའོ།།དེ་ལ་རང་བཞིན་གྱིས་རྟོག་པ་ནི་མིག་གི་རྣམ་པར་ཤེས་པས་གཟུགས་ལ་གཟུགས་ཙམ་དུ་ཤེས་པ་དང༌།རྣ་བའི་རྣམ་པར་ཤེས་པས་སྒྲ་ལ་སྒྲ་ཙམ་དུ་ཤེས་པའོ།རྗེས་སུ་དྲན་པའི་རྟོག་པ་ནི་སྔོན་མཐོང་བ་དང༌།ཐོས་པ་ལ་སོགས་པ་ཕྱིས་མ་བརྗེད་ཅིང༌།དྲན་པ་མ་ཉམས་པའོ།།གཏན་ལ་འབེབས་པའི་རྟོག་པ་ནི་ཁམས་གསུམ་དང་དུས་གསུམ་གྱི་དངོས་པོ་རྣམས་ལས་ཁ་ཅིག་མིག་གིས་མངོན་སུམ་དུ་མཐོང་བ་དང༌།ཁ་ཅིག་མིག་གིས་མངོན་སུམ་དུ་མཐོང་པ་ཡང་རྣ་བས་ཐོས་པ་ལ་སོགས་ལས་ཤེས་རབ་དང་སེམས་པའི་ཁྱད་པར་གྱིས་འདི་ནི་ཡིན་འདི་ནི་མ་ཡིན་ཞེས་རྟོག་པ་ནི་གཏན་ལ་འབེབས་པའི་རྟོག་པ་ཞེས་བྱའོ།དེ་བས་ན་མངོན་པའི་ཆོས་བསྡུས་པའི་གཙུག་ལག་ལས་ཀྱང་རྗེས་སུ་དྲན་པའི་རྟོག་པ་གང་ཞེ་ན།སྔོན་རྗེས་སུ་མྱོང་བའི་འདུ་བྱེད་རྣམས་འཛིན་པ་གང་ཡིན་པའོ།།གཏན་ལ་འབེབས་པའི་རྟོག་པ་གང་ཞེ་ན།འདས་པ་དང༌།མ་འོངས་པ་དང༌།ད་ལྟར་བྱུང་བ་རྣམས་ལ་མངོན་སུམ་དུ་མ་གྱུར་བར་རྟོག་པའི་རྣམ་པར་རྟོག་པའོ་ཞེས་གསུངས་སོ།།དེ་ལ་ཁྲི་རྐང་གཅིག་ཡོད་ཀྱང་གསུམ་མེད་ན་ཁྲི་རྐང་པ་མེད་པ་ཞེས་བྱ་བ་དང་འདྲ་བར་རང་བཞིན་གྱིས་རྣམ་པར་རྟོག་པ་ཡོད་ཀྱང་རྗེས་སུ་དྲན་པའི་རྟོག་པ་དང༌།གཏན་ལ་འབེབས་པའི་རྟོག་པ་གཉིས་མེད་ན་རྣམ་པར་མི་རྟོག་པ་ཞེས་བྱའོ།།དེ་བས་ན་ཡིད་ཀྱི་ཁམས་དང༌།ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང༌།ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་སེམས་ལས་བྱུང་བའི་རང་བཞིན་རྣམས་ནི་རྗེས་སུ་དྲན་པའི་རྟོག་པ་དང༌།གཏན་ལ་འབེབས་པའི་རྟོག་པ་གཉིས་དང་ལྡན་པས་རྟོག་པ་དང་བཅས་པ་ཞེས་བྱའོ།།མིག་གི་ཁམས་ནས་ལུས་ཀྱི་ཁམས་ཀྱི་བར་དུ་དབང་པོ་ལྔ་དང༌།གཟུགས་དང་རེག་བྱའི་བར་དུ་ཡུལ་ལྔ་དང༌།མིག་གི་རྣམ་པར་ཤེས་པའི་ཁམས་ནས་ལུས་ཀྱི་རྣམ་པ་མ་ཤེས་པའི་བར་དུ་ལྔ་སྟེ།བཅོ་ལྔ་དང༌།ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་སེམས་ལས་བྱུང་བ་མ་ཡིན་པ་རྣམས་ནི་རྣམ་པར་མི་རྟོག་པ་ཉིད་དུ་གཞག་གོ།
 
བཅུ་པ།རང་རྒྱུད་ཀྱི་ཚོར་བས་ཟིན་མ་ཟིན།
 
སེམས་དང་སེམས་ལས་བྱུང་བ་དང་འབྲེལ་བའམ།སེམས་དང་སེམས་ལས་བྱུང་བས་ཟིན་པའི་གཟུགས་ལ་ཟིན་པ་ཞེས་བྱ་སྟེ།རང་རྒྱུད་ཀྱི་ཚོར་བས་ཟིན་པ་དབང་པོ་མིག་གི་ཁམས་དང༌།རྣ་བའི་ཁམས་དང༌།སྣའི་ཁམས་དང༌།ལྕེའི་ཁམས་དང༌།ལུས་ཀྱི་ཁམས་སྟེ་ལྔ་དང༌།ཡུལ་གཟུགས་དྲི་རོ་རེག་བསྣན་པས་དགུའོ།།གཟུགས་དང༌།དྲི་དང༌།རོ་དང༌།རེག་བྱ་སྟེ་བཞི་པོ་དེ་རྣམས་ལ་རྣམ་པ་གཉིས་ཡོད་དེ་ཟིན་པ་དང་མ་ཟིན་པའོ།།དེ་ལ་གཟུགས་དང༌།དྲི་དང༌།རོ་དང༌།རེག་བྱ་ཟིན་པའི་ཕྱོགས་གང་ཡིན་པ་ནི་ཟིན་པ་ཞེས་བྱའོ།།དེ་ཡང་གང་ཞེ་ན།མིག་ལ་སོགས་པའི་དབང་པོ་དང་ཐ་མི་དད་ཅིང་མིག་ལ་སོགས་པའི་དབང་པོ་དང་ལྷན་ཅིག་གནས་པའི་གཟུགས་དང༌།དྲི་དང༌།རོ་དང༌།རེག་བྱ་རྣམས་དབང་པོ་སེམས་དང་སེམས་ལས་བྱུང་བས་ཟིན་པ་བཞིན་དུ།དབང་པོ་ལ་ཡོད་པའི་བཞི་པོའི་ཕྱོགས་དེ་དག་ཀྱང་སེམས་དང་སེམས་ལས་བྱུང་བས་གཟུང་བས་ན་ཟིན་པ་ཞེས་བྱའོ།།འདི་ལྟར་ལུས་ལ་ཡོད་པའི་གཟུགས་ལ་སོགས་པ་ཡང་སྐྲ་དང༌།སྤུ་དང༌།སེན་མོ་དང༌།སོའི་རྩ་བ་མ་གཏོགས་པ་གཞན་སྐྲ་དང༌།སྤུ་དང༌།སེན་མོ་དང༌།བཤང་བ་དང༌།གཅི་བ་དང༌།མཆིལ་མ་དང༌།སྣབས་དང༌།ཁྲག་ལ་སོགས་པ་ནི་མ་ཟིན་པ་ཞེས་བྱའོ།།ཟིན་པ་ཞེས་བྱ་བའི་དོན་ཇི་ལྟ་བུར་སེམས་དང་སེམས་ལས་བྱུང་བས་འདི་ནི་བདག་གི་ཡུལ་ཡིན་ནོ་ཞེས་བྱ་བའི་ཚུལ་དུ་བཟུང་ལ།ལུས་དང་སེམས་གཉིས་ཀྱང་གཅིག་ལ་གཅིག་ཕན་པ་དང༌།གནོད་པས་རྗེས་སུ་འབྲེལ་བར་བྱེད་དེ།ལུས་ལ་ཕན་ན་ཡང་སེམས་ལ་ཕན་པ་དང༌།སེམས་ལ་ཕན་ན་ཡང་ལུས་ལ་ཕན་པ་དང༌།ལུས་ལ་གནོད་ན་ཡང་སེམས་ལ་གནོད་པ་དང༌།སེམས་ལ་གནོད་ན་ཡང་ལུས་ལ་གནོད་པར་བྱེད་པ་ནི་ཟིན་པ་ཞེས་བྱའོ།།མ་ཟིན་པ་ནི་ལྷག་མ་དགུ་དང་བཞི་ཕྱོགས་སྟེ།དབང་པོ་ལྔ་དང་ལྷན་ཅིག་འགྲོགས་པའི་གཟུགས་དང༌།དྲི་དང༌།རོ་དང།རེག་བྱ་རྣམས་ཟིན་པར་བཤད་པའི་ལྷག་མ་སེམས་ཀྱི་ཁམས་བདུན་དང༌།ཆོས་ཀྱི་ཁམས་དང༌།སྒྲའི་ཁམས་ཏེ་དགུ་ནི་མ་ཟིན་པ་ཞེས་བྱ་ལ།བཞིའི་ཕྱོགས་སྟེ།མིག་ལ་སོགས་པའི་དབང་པོ་ལྔ་དང་ཐ་མི་དད་པར་གནས་པ་མ་ཡིན་པའི་གཟུགས་དང༌།དྲི་དང༌།རོ་དང༌།རེག་བྱའི་ཕྱོགས་གཅིག་ཀྱང་མ་ཟིན་པ་ཞེས་བྱ་ལ།རྩ་བ་ལས་མ་གཏོགས་པའི་སྐྲ་དང༌།སྤུ་དང༌།སེན་མོ་དང༌།སོ་དང༌།བཤང་བ་དང།གཙིབ་དང༌།མཆིལ་མ་དང༌།སྣབས་དང༌།ཁྲག་ལ་སོགས་པ་ནི་མ་ཟིན་པ་ཞེས་བྱའོ།
 
བཅུ་གཅིག་པ།རྟག་མི་རྟག
 
ཆོས་ཁམས་ཀྱི་ཕྱོགས་གཅིག་འདུས་མ་བྱས་རྣམས་རྟག་པ་ཡིན་ལ།གཞན་རྣམས་འདུས་བྱས་དང་མི་རྟག་པའོ།
 
བཅུ་གཉིས་པ།འཛིན་པ་དང་གཟུང་བ།
 
དབང་པོ་ལྔ་ནི་རང་རང་གི་ཡུལ་འཛིན་པའི་རྒྱུ་མཚན་ཉིད་ཀྱིས་འཛིན་པུ་དང་སེམས་སེམས་བྱུང་ནི་དམིགས་པ་སོ་སོར་སྣང་བ་ཉིད་ཀྱིས་འཛིན་པ་དང༌།གཞན་རྣམས་གཟུང་བའོ།།
 
བཅུ་གསུམ་པ།རྟོག་དཔྱོད་དང་བཅས་མ་བཅས།
 
རྟོག་དཔྱོད་གཉིས་དང་བཅས་པ་ནི་རྣམ་ཤེས་ཀྱི་ཁམས་ལྔའོ།།ཡིད་ཡིད་ཁམས་སེམས་བྱུང་རྣམས་ལ་རྟོག་དཔྱོད་གཉིས་བཅས།གཉིས་མེད།རྟོག་མེད་དཔྱོད་བཅས་གསུམ་ཡོད།དེ་དག་གི་ལྷག་མ་རྣམས་རྟོག་དཔྱོད་མེད་པའོ་ཞེས་གསུངས་ན།དེ་ནི་ཇི་ལྟར་གོང་དུ་རྣམ་པར་ཤེས་པའི་ཁམས་ལྔ་རྟོག་མེད་དུ་བགྲངས་པ་མ་ཡིན་ནམ་ཞེ་ན།བྱེ་སྨྲས།རྣམ་པར་རྟོག་པ་ནི་གསུམ་མོ།།གང་ཞེ་ན།ངོ་བོ་ཉིད་དང༌།ངེས་པར་རྟོག་པ་དང༌།རྗེས་སུ་དྲན་པའི་རྣམ་པར་རྟོག་པའོ།།དེ་བས་ན་དེ་དག་ལ་ངོ་བོ་ཉིད་རྟོག་ཡོད་ཀྱི་གཞན་ནི་མ་ཡིན་ཏེ།དེ་ལྟ་བས་ན་རྣམ་པར་རྟོག་པ་མེད་པ་དག་ཅེས་བྱ་སྟེ་དཔེར་ན་རྟ་རྐང་གཅིག་པ་ལ་རྐང་མེད་ཅེས་བྱ་བ་བཞིན་ནོ།
གང་གི་ཕྱིར་ངོ་བོ་ཉིད་ཀྱི་རྟོག་པ་ཡོད་ཅེ་ན།འདི་དག་ནི་རྟག་ཏུ་རྟོག་པ་དང་དཔྱོད་པ་དག་དང་མཚུངས་པར་ལྡན་པ་ཡིན་ཏེ།འདི་ལྟར་ཁ་ཕྱི་རོལ་དུ་བལྟས་པའི་ཕྱིར་རྩིང་བ་ཡིན་ནོ་ཞེས་སོ།།དེ་ལྟ་ན།ངེས་པར་རྟོག་བའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་གཡེང་བའོ།།གང་གི་ཕྱིར་ཡིད་ཀྱི་ཞེས་བྱ་ན།ཤེས་རབ་ནི་མིག་ལ་སོགས་བའི་རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེ་བ་དང༌།ཡིད་ལས་བྱུང་བ་ཡང་ཡོད་པས་ཡིད་ཀྱི་ཞེས་བྱའོ།།ཡིད་ལས་བྱུང་བ་ལ་ཡང་མཉམ་པར་བཞག་པ་དང་མཉམ་པར་མ་བཞག་པ་ཡང་ཡོད་པས་གཡེང་བ་ཞེས་ཁྱད་པར་དུ་བྱས་སོ།གང་གི་ཕྱིར་ངེས་པར་རྟོག་པའི་རྣམ་པར་རྟོག་པ་གང་ཞེ་ན།མིང་ལ་ལྟོས་ནས་དམིགས་པ་གཞན་ལ་འཇུག་པའི་ཕྱིར་ཏེ།གཟུགས་སོ།ཚོར་བའོ།།འདུ་ཤེས་སོ།།འདུ་བྱེད་དོ།།རྣམ་པར་ཤེས་པའོ་སྙམ་དུ་ངེས་པར་རྟོག་པའི་ཕྱིར་རོ།རྗེས་སུ་དྲན་པའི་རྣམ་པར་རྟོག་པ་ནི་གང་ཞེ་ན།ཡིད་ཀྱི་དྲན་པ་ཉིད་མཉམ་པར་བཞག་པ་དང་མཉམ་པར་བཞག་པ་མ་ཡིན་པ་ཐམས་ཅད་དོ།གང་གི་ཕྱིར་ཡིད་ཀྱི་ཞེ་ན།མིག་ལ་སོགས་པའི་རྣམ་པར་ཤེས་པ་དང་མཚུངས་བར་ལྡན་པ་བསལ་བར་བྱ་བའི་ཕྱིར་རོ།གང་གི་ཕྱིར་བསལ་ཞེ་ན་རྣམ་པར་ཤེས་པའི་ཚོགས་ལྔ་དང་མཚུངས་པར་ལྡན་པ་ནི་ཉམས་སུ་མྱོང་བ་དོན་མངོན་པར་བརྗོད་པ་ལ་འཇུག་པ་མ་ཡིན་ཕྱིར་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་ཡིན་པར་མི་འདོད་དོ་ཞེས་སོ།།གང་གི་ཕྱིར་རྗེས་སུ་དྲན་པ་ཞེ་ན་མིང་ལ་མི་ལྟོས་པར་དམིགས་པའི་དོན་ཉམས་སུ་མྱོང་བ་ཙམ་ལ་འཇུག་པའོ་ཞེས་སོ།།སློབ་དཔོན་གྱིས་ནི།སེམས་པ་དང་ཤེས་རབ་ཀྱི་ཁྱད་པར་ཡིན་པས།ངོ་བོ་ཉིད་ཀྱི་རྣམ་པར་རྟོག་པ་ཆོས་གཞན་མེད་དེ།སོ་སོར་རྟོག་པའི་ཡིད་ཀྱིས་བརྗོད་པ་སྟེ་སེམས་པ་དང་ཤེས་རབ་ཀྱི་ཁྱད་པར་དེ་བཞིན་དུ་སེམས་ཞིབ་པའོ་ཞེས་གསུངས་སོ།།སེམས་པ་དང་ཤེས་རབ་ཀྱི་ཁྱད་པར་གང་ཞེ་ན། གཏན་ལ་མི་འབེབས་པའི་གནས་སྐབས་ན་ནི་སེམས་པའོ།།གཏན་ལ་འབེབ་པའི་གནས་སྐབས་ན་ནི་ཤེས་རབ་བོ་ཞེས་སོ།།
ཡིད་ཡིད་ཁམས་སེམས་སེམས་བྱུང་རྣམས་ལ་རྟོག་དཔྱོད་གཉིས་བཅས།གཉིས་མེད།རྟོག་མེད་དཔྱོད་བཅས་གསུམ་ཡིད་ཅེས་གསུངས་པ་ནི།ཡིད་ཀྱི་ཁམས་དང༌།ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང༌།རྟོག་པ་དང་དཔྱོད་པ་དག་ལས་གཞན་པ་ཆོས་ཀྱི་ཁམས་དང་མཚུངས་པར་ལྡན་པ་འདོད་པ་དག་འདོད་པའི་ཁམས་དང༌།བསམ་གཏན་དང་པོ་ན་ནི་རྟོག་པ་དང་བཅས།དཔྱོད་པ་དང་བཅས་པ་དག་ཡིན་ནོ།།བསམ་གཏན་ཁྱད་པར་ཅན་ནི་རྟོག་པ་མེད་ཅིང་དཔྱོད་པ་ཙམ་དག་ཡིན་ནོ།བསམ་གཏན་གཉིས་པ་ནས་བཟུང་སྟེ།སྲིད་པའི་རྩེ་མོའི་བར་གྱི་དང༌།ཆོས་ཁམས་མཚུངས་པར་ལྡན་པ་མ་ཡིན་པ་ཐམས་ཅད་དང༌།བསམ་གཏན་ཁྱད་པར་ཅན་གྱི་དཔྱོད་པ་ནི་རྟོག་པ་ཡང་མེད་པ་དཔྱོད་པ་ཡང་མེད་པ་དག་ཡིན་ནོ་ཞེས་སོགས་འབྱུང་ངོ༌།།དེས་ན་དེ་དག་གི་ལྷག་མ་རྣམས་རྟོག་དཔྱོད་མེད་པའོ་ཞེས་གསུངས་པའི་ལྷག་མ་ནི་གཟུགས་ཅན་བཅུ་མ་ཟད་ཆོས་ཁམས་མཚུངས་ལྡན་མིན་པ་རྣམས་ཀྱང་འབྱུང་ངོ༌།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号