ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་བཞི་པ།རྟེན་འབྲེལ་བཅུ་གཉིས་ལས་རྟེན་འབྲེལ་གྱི་དོན་བཤད་པ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
༢བསྡུ་བ།
བཞིར་སྡུད་པ།གསུམ་དུ་སྡུད་པ།གཉིས་སུ་སྡུད་པའོ།།
()བཞིར་སྡུད་པ།
རྒྱུན་ཆགས་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་དེ་དག་བསྡུ་ན།མ་རིག་པས་ཀུན་ནས་སློང་བ་དང༌།འདུ་བྱེད་ཀྱིས་ལས་བསགས་པ་དང༌།དེ་ཡི་བག་ཆགས་རྣམ་ཤེས་ལ་བགོས་ནས་མིང་གཟུགས་ལ་སོགས་པ་འཕེན་པའི་ཕྱིར་འདི་གསུམ་ནི་འཕེན་པའི་ཡན་ལགམིང་གཟུགས་ནས་སྐྱེ་མཆེད་རེག་པ་ཚོར་བའི་བར་བཞི་སེམས་ཀྱི་བག་ཆགས་ཀྱིས་མིང་གཟུགས་ལ་སོགས་པ་སྔ་མ་ལ་བརྟེན་ནས་ཕྱི་མ་འགྲུབ་པའི་ས་བོན་བརྟས་པར་བྱས་ཤིང་འཕང་བའི་ཕྱིར་འཕངས་འབྲས་ཀྱི་ཡན་ལགསྲེད་ལེན་སྲིད་པ་གསུམ་ཁམས་གསུམ་པའི་སྲེད་པ་ལས་བྱུང་བའི་རྣམ་ཤེས་ཉེར་ལེན་དང་བཅས་པ་ལ་བརྟེན་པ་ལས་ཀྱི་སྲིད་པ་མཐུ་ཅན་དུ་གྱུར་པས་སྐྱེ་བ་མངོན་པར་འགྲུབ་པའི་ཕྱིར་མངོན་པར་འགྲུབ་པའི་ཡན་ལགསྐྱེ་བ་དང་རྒ་ཤི་གཉིས་ཇི་ལྟར་འཕངས་ཤིང་འགྲུབ་བ་ལྟར་འགྲོ་བ་ཐ་དད་པའི་སྐྱེ་བ་འགྲུབ་ཅིང༌།དེའི་ཉེས་དམིགས་སུ་རྒ་ཤིའང་འགྲུབ་པའི་ཕྱིར་མངོན་པར་གྲུབ་པའི་ཡན་ལག་སྟེ་བཞིར་འགྱུར་རོ།།
( )གསུམ་དུ་སྡུད་པ།
ཀླུ་སྒྲུབ་ཀྱིས།དང་པོ་བརྒྱད་པ་དགུ་ཉོན་མོངས།།གཉིས་པ་བཅུ་པ་ལས་ཡིན་ཏེ།།ལྷག་མ་བདུན་ནི་སྡུག་བསྔལ་ལོ།།ཞེས་པ་ལྟར་འཕེན་བྱེད་མ་རིག་པ་དང་འགྲུབ་བྱེད་སྲེད་པ་ལེན་པ་གསུམ་ནི་ཉོན་མོངས་པའོ།།འདུ་བྱེད་དང་སྲིད་པ་གཉིས་ནི་ལས་སོ།།ལྷག་མ་མིང་གཟུགས་རྣམ་ཤེས་སྐྱེ་མཆེད་རེག་ཚོར་སྐྱེ་རྒ་བདུན་ནི་སྡུག་བསྔལ་གྱི་གཞི་བདུན་ནོ།།འདི་གསུམ་ལ་རིམ་པ་ལྟར་འདི་དག་ནི་སེམས་རབ་ཏུ་མ་ཞི་བར་འབྱུང་བ་དང༌།རང་གཞན་ལ་གནོད་པ་བྱེད་པ་དང༌།ལས་དང་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་ཉོན་མོངས་པས་ཀུན་ནས་ཉོན་མོངས་པ།ལས་ཀྱི་ཀུན་ནས་ཉོན་མོངས་པ།ཚེའམ་སྐྱེ་བའི་ཀུན་ནས་ཉོན་མོངས་པ་ཞེས་འདོགས་ཏེ་འགྲོ་བ་རྣམས་སྡུག་བསྔལ་བར་ཉོན་མོངས་བར་བྱེད་པའི་ཕྱིར་རོ།ཡང་རིམ་པ་ལྟར་ཉོན་མོངས་པའི་གཞན་དབང་དང༌།ལས་ཀྱི་གཞན་དབང་དང༌།སྡུག་བསྔལ་གྱི་གཞན་དབང་ཀྱང་བརྗོད་དོ།།རྟེན་འབྲེལ་སྙིང་པོ་ལས།གསུམ་པོ་དག་ལས་གཉིས་འབྱུང་སྟེ།གཉིས་ལས་བདུན་འབྱུང་བདུན་ལས་ཀྱང༌།།གསུམ་འབྱུང་སྲིད་པའི་འཁོར་ལོ་སྟེ།།ཉིད་ནི་ཡང་དང་ཡང་དུ་འཁོར།།ཞེས་པ་ལྟར་མ་རིག་སྲེད་ལེན་ཏེ་ཉོན་མོངས་གསུམ་ལས་འདུ་བྱེད་སྲིད་པ་སྟེ་ལས་གཉིས་འབྱུང་ལ།དེ་ལས་མིང་གཟུགས་སྐྱེ་མཆེད་རེག་ཚོར་སྐྱེ་རྒ་སྟེ་སྡུག་བསྔལ་གྱི་གཞི་བདུན་འབྱུང་ཞིང༌།བདུན་པོ་ལས་སླར་ཡང་ཉོན་མོངས་གསུམ་དང་ལས་གཉིས་པོ་འབྱུང་སྟེ་དེ་ལྟར་རྒྱུན་གྱིས་འཁོར་རོ།།
()གཉིས་སུ་སྡུད་པ།
རྒྱུ་འབྲས་གཉིས་སུ་སྡུད་པ།སྡུག་ཀུན་གཉིས་སུ་སྡུད་ཚུལ་གཉིས།
ཀ༡རྒྱུ་འབྲས་གཉིས་སུ་སྡུད་པ།
ཡན་ལག་བཅུ་གཉིས་ཀྱི་ནང་ནས་གོང་བཤད་ལས་ཉོན་ལྔ་དང་རྣམ་ཤེས་ཏེ་དྲུག་པོ་རྣམས་ནི་ཡན་ལག་གཞན་རྣམས་སྡུད་བར་བྱེད་པའི་རྒྱུ་སྟེ།མ་རིག་པ་དང༌།ལས་དང༌།སྲེད་པ་དང་རྣམ་ཤེས་བཞིའོ།།དེ་ཡང་སྲེད་ལེན་གཉིས་སྲེད་པ་དང༌།འདུ་བྱེད་སྲིད་པ་གཉིས་ལས་སུ་བསྡུས་བ་ཡིན་ནོ།དེ་ལ་རྣམ་ཤེས་ནི་ས་བོན་ལྟ་བུ།ལས་འདུ་བྱེད་སྲིད་པ་གཉིས་ཞིང་ས།སྲེད་པ་རླན།མ་རིག་པ་ནི་འདེབས་བྱེད་དང་ལུད་ལྟ་བུ་སྟེ།དེ་བཞིས་སྲིད་པའི་སྐྱེ་གནས་རྣམས་སུ་མིང་གཟུགས་ཀྱི་མྱུ་གུ་མངོན་དུ་འགྲུབ་པར་བྱེད་དོ།
ཀ༢སྡུག་ཀུན་གཉིས་སུ་སྡུད་ཚུལ།
སྡུག་ཀུན་གཉིས་སུ་སྡུད་ཚུལ་ལ་དངོས་དང༌།ཞར་ལ་རྣམ་བྱང་གི་རྟེན་འབྲེལ་བསྟན་པ་གཉིས།
ཁ༡སྡུག་ཀུན་གཉིས་སུ་སྡུད་ཚུལ་དངོས།
ལུགས་འབྱུང་གི་རྟེན་འབྲེལ་དེ་དག་བསྡུས་ན་མ་རིག་སྲེད་ལེན་འདུ་བྱེད་སྲིད་པ་སྟེ་གོང་བཤད་ལས་ཉོན་ལྔ་ནི་རྒྱུ་ཀུན་འབྱུང་གི་བདེན་པས་བསྡུས་ལ།མིང་གཟུགས་སོགས་ལྷག་མ་བདུན་ནི།སྡུག་བདེན་གྱིས་བསྡུས་པའོ།
ཁ༢ཞར་ལ་རྣམ་བྱང་གི་རྟེན་འབྲེལ་བསྟན་པ།
ལུགས་ལྡོག་གི་དབང་དུ་བྱས་ན་ཀུན་ཉོན་གྱི་ལུགས་མཐུན་མི་མཐུན།རྣམ་པར་བྱང་པས་ལུགས་དང་མཐུན་པ་དང་མི་མཐུན་པས་ཀྱང་རྟེན་འབྲེལ་ལུགས་མཐུན་དང་ལུགས་མི་མཐུན་པར་བསྟན་ནོ་ཞེས་ཀུན་བཏུས་ལས་སོ།།འཕགས་པའི་བདེན་པ་བཞིའི་ཆོས་ཉིད་རྟོགས་པའི་ཡེ་ཤེས་ཀྱིས་ཀུན་འབྱུང་རྩ་བ་མ་རིག་པ་སྤངས་ནས།གོང་བཤད་ལས་ཉོན་ལྔ་ལྡོག་པ་ལམ་གྱི་བདེན་པ་དང༌།མིང་གཟུགས་སོགས་སྡུག་བསྔལ་གྱི་བཞི་བདུན་པོ་ཆོས་ཉིད་དེ་བཞིན་ཉིད་དུ་གཏན་དུ་འགོག་པ་ནི་འགོག་བདེན་ཏེ་རྟེན་འབྲེལ་འགག་རིམ་བཅུ་གཉིས་བདེན་དོན་རྣམ་བྱང་ཡེ་ཤེས་ལ་རྣམ་པ་བཅུ་གཉིས་གྱི་རང་བཞིན་ནོ།
རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ནི་སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་གསུང་གི་ཆོས་ཀྱི་མཛོད་ཀྱི་ནང་ན་ཐུན་མིན་སྙིང་པོ་གཅེས་པ་ཕྱི་རོལ་པ་སོགས་གཞན་གྱི་རྟོགས་དཀའ་བས་ཟབ་མོར་གྱུར་པ་སྟེ།གང་ཟག་སུས་ཤེས་རབ་ཀྱི་སྤྱན་གྱིས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་མཐོང་བ་དེས་ཡང་དག་པའི་ལྟ་བ།རྟོག་པ་དག་ལས་མཐའ་སོགས་འཕགས་ལམ་བརྒྱད་ཀྱི་རང་བཞིན་ཙམ་ཆོས་མཐོང་ཞིང༌།ཡེ་ཤེས་ཀྱི་གཟིགས་པས་ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་པ་སངས་རྒྱས་ཆོས་ཀྱི་སྐུ་མངོན་ཏུ་མཐོང་བ་ཡིན་ནོ།།བཤེས་སྤྲིངས་ལས།རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་རྣམས་ཀྱིས།།གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ།གང་གིས་འདི་ནི་ཡང་དག་མཐོང་བ་ངེས།།ཆོས་མཐོང་དེ་ཡིས་དེ་བཞིན་གཤེགས་པ་མཐོང༌།ཞེས་གསུངས་སོ།།
རྟ་མགྲིན་རྒྱལ།ཚེ་རིང་རྣམ་རྒྱལ།
 
བསམས་གཞིགས།
༡རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཅི།
༢རྟེན་འབྲེལ་བཅུ་གཉིས་གང༌།
༣རྟེན་འབྲེལ་གྱི་ཁྱད་ཆོས་ལྔ་ལྡན་དེ་གང་ཡིན་ནམ།
༤བླ་མས་ཁ་བཏོན་བརྗོད་པ་སོགས་དཔེ་བརྒྱད་པོ་དེས་དོན་གང་འདྲ་ཞིག་སྟོན་ནམ།
༥བྱ་བ་རྫོགས་པའི་སྐད་ཅིག་ལ་རྟེན་འབྲེལ་བཅུ་གཉིས་ཚང་ཚུལ་གང་འདྲ་ཡིན་ནམ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号