ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་དང་པོ།ཕུང་པོ་ལྔ་ལས་ཚོར་བའི་ཕུང་པོ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།

ས་བཅད་གསུམ་པ།ཚོར་བའི་ཕུང་པོ།

ཚོར་བའི་ཕུང་པོ་བཤད་པ་ལ་མཚན་ཉིད་བཤད་པ་དང་དབྱེ་བ་བཤད་པ་གཉིས།
དང་པོ།ཚོར་བའི་མཚན་ཉིད།
 
ཚོར་བ་ནི་རང་རིག་པས་ཉམས་སུ་མྱོང་བའི་མཚན་ཉིད་ཅན་ཏེ།ཕུང་པོ་ལྔའི་རབ་བཤད་ལས།ཚོར་བ་གང་ཞེ་ན།མྱོང་བ་རྣམ་པ་གསུམ་སྟེ།ཡུལ་གྱི་རང་བཞིན་སིམ་པ་དང༌།ཡུལ་གྱི་རང་བཞིན་གདུང་བ་དང༌།ཡུལ་གྱི་རང་བཞིན་སིམ་པ་ཡང་མ་ཡིན།གདུང་བ་ཡང་མ་ཡིན་པའི་ངོ་བོ་རྣམ་པ་གསུམ་མྱོང་ཞིང་མངོན་སུམ་དུ་བྱེད་པས་ན་ཚོར་བ་ཞེས་བྱའོ།།ཡང་ན་ལས་དགེ་བ་དང་ལས་མི་དགེ་བ་དང་ལུང་དུ་མ་བསྟན་པའི་འབྲས་བུ་བདེ་བ་དང༌།སྡུག་བསྔལ་དང༌།བདེ་བ་ཡང་མ་ཡིན།སྡུག་བསྔལ་ཡང་མ་ཡིན་པ་གསུམ་མྱོང་བར་བྱེད་པས་ན་ཚོར་བ་ཞེས་བྱའོ།ཞེས་དང༌།མངོན་པ་ཀུན་བཏུས་ལས།ཚོར་བའི་མཚན་ཉིད་ཅི་ཞེ་ན།མྱོང་བའི་མཚན་ཉིད་དེ།མྱོང་བའི་ངོ་བོ་གང་གིས་དགེ་བ་དང་མི་དགེ་བའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་སོ་སོར་མྱོང་བའོ།།ཞེས་གསུངས་པ་ལྟར་རོ།།འདིར་ཚོར་བའི་མྱོང་བྱ་ལ་རྣམ་པར་སྨིན་པ་ཞེས་གསུངས་པ་ནི།རང་ཅག་རྣམས་ལ་ཚོར་བ་བདེ་སྡུག་གང་སྐྱེ་བ་ཐམས་ཅད་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ཁོ་ནར་ཤེས་པའི་ཆེད་དུ་གསུངས་པ་ཡིན་ཏེ།བདེ་བ་དང་སྡུག་བསྔལ་རྣམས་ནི་རྒྱུ་མེད་པ་ལས་བྱུང་བ་དང་གཙོ་བོ་དང་དབང་ཕྱུག་ལ་སོགས་པ་མི་མཐུན་པའི་རྒྱུ་ལས་བྱུང་བ་ཡང་མིན་པར་དགེ་མི་དགེའི་ལས་སྤྱི་ལས་བདེ་སྡུག་སྤྱི་དང༌།བདེ་སྡུག་གི་ཁྱད་པར་སྣ་ཚོགས་པ་རྣམས་ཀྱང་ལས་གཉིས་ཀྱི་ཁྱད་པར་སྣ་ཚོགས་པ་ལས་ཅུང་ཟད་ཀྱང་མ་འཆོལ་བར་སོ་སོར་འབྱུང་བ་ཡིན་ནོ།
 
གཉིས་པ།ཚོར་བའི་དབྱེ་བ།
 
ཚོར་བ་དེ་ལ་དབྱེ་ན།ཚོར་བ་བདེ་བ་དང༌།ཚོར་བ་སྡུག་བསྔལ་དང༌།ཚོར་བ་བཏང་སྙོམས་གསུམ་སྟེ།དེ་ཡང་རེག་པས་ཡོངས་སུ་བཅད་པའི་ཡུལ་གྱི་ཁྱད་པར་སིམ་པ་དང༌།གདུང་བ་དང༌།དེ་
གཉིས་ཀ་མ་ཡིན་པར་སྐྱེད་པའི་རང་གི་ངོ་བོ་མངོན་དུ་མྱོང་བར་བྱེད་པའི་བདེ་སྡུག་བཏང་སྙོམས་གསུམ་མོ།
ཕུང་པོ་ལྔའི་བཤད་པ་ལས།ཚོར་བ་ལ་དབྱེ་ན།བདེ་བའི་ཚོར་བ་དང༌།སྡུག་བསྔལ་གྱི་ཚོར་བ་དང༌།བདེ་བའི་ཚོར་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བའོ།།ཡང་བདེ་ཚོར་དང༌།སྡུག་བསྔལ་གྱི་ཅོར་བ་གཉིས་མ་གཏོགས་ཚོར་བ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ཡོད་པར་ཅི་མངོན་ཞེ་ན།དེ་ལ་ལུང་རིགས་གཉིས་ལས།ལུང་ནི་མདོ་སྡེ་ལས་ཚོར་བ་རྣམ་པ་གསུམ་སྟེ།བདེ་བའི་ཚོར་བ་དང༌།སྡུག་བསྔལ་གྱི་ཚོར་བ་དང༌།བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བའོ་ཞེས་དང༌།མདོ་སྡེ་གཞན་དག་ལས་བདེ་བ་ཡང་སྤང་སྡུག་བསྔལ་ཡང་སྤང་ནས་དང་པོ་ཉིད་དུ་ཡིད་བདེ་བ་དང་ཡིད་མི་བདེ་བ་གཉིས་ཀ་འགག་པར་འགྱུར་ཏེ།དེ་གཉིས་ཀ་མ་ཡིན་པའི་ཚོར་བ་སོ་སོར་མྱོང་བ་བསམ་གཏན་བཞི་བ་ལ་སྙོམས་པར་ཞུགས་ནས་གནས་སོ་ཞེས་གསུངས་སོ།།རིགས་པས་བརྟགས་ན་ཡང་ནམ་ཡང་ཚོར་བ་དང་བྲལ་བའི་སེམས་འབྱུང་མི་སྲིད་ལ།བར་སྐབས་སུ་བདེ་བའི་ཚོར་བ་ཡང་མི་འབྱུང་སྡུག་བསྔལ་གྱི་ཚོར་བ་ཡང་མི་འབྱུང་བའི་སེམས་དམིགས་པས་ན།དེའི་སྐབས་སུ་བདེ་བ་ཡང་མ་ཡིན།སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་འབྱུང་བར་རིག་པར་བྱའོ།།
བདེ་བའི་ཚོར་བའི་མཚན་ཉིད་ནི།བདེ་བ་དེ་ནི་གང་འགག་པ་ལས་གང་ཕྲད་པར་འདོད་པའོ་ཞེས་སོ།།དངོས་པོ་གང་ཞིག་དང་ཕྲད་པ་ལས་བྲལ་བར་འགྱུར་བ་དང༌།ཡང་དེ་དང་སླར་ཕྲད་པར་འདོད་པ་ནི་བདེ་བའི་ཚོར་བའོ།།སྡུག་བསྔལ་གྱི་ཚོར་བའི་མཚན་ཉིད་ནི།སྡུག་བསྔལ་ནི་བྱུང་བ་ལས་གང་བྲལ་བར་འདོད་པའོ།།བྱུང་བ་ལས་ཞེས་བྱ་བ་འདི་དངོས་པོ་གང་དང་ཕྲད་པར་གྱུར་བ་ལས་དེ་དང་ཕྱིས་སུ་བྲལ་བར་འདོད་ཅིང་མི་ཕྲད་པར་འདོད་པ་ནི་སྡུག་བསྔལ་གྱི་ཚོརབ་ཞེས་བྱའོ།།སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ནི་གང་གཉིས་གར་མི་འདོད་པར་འགྱུར་བ་བཏང་སྙོམས་ཀྱི་ཚོར་བའི་མཚན་ཉིད་དོ།།དེ་ནི་བྲལ་འདོད་དང་ཕྲད་འདོད་གང་ཡང་མི་སྐྱེ་བ་ཡིན་ནོ།།ཡང་བདེ་བའི་ཚོར་བ་ནི་ལུས་བརྟས་པ་དང་སེམས་བརྟན་པར་བྱེད་པ་དང་ཡིད་དང་མཐུན་པར་བྱེད་པས་ཉམས་སུ་ལེན་ལ་དེ་འགགས་ན་སླར་ཡང་དེ་དང་ཕྲད་པར་འདོད་པ་སྐྱེའོ།སྡུག་བསྔལ་གྱི་ཚོར་བ་ནི་ལུས་ཉམས་པར་བྱེད་པ་དང་སེམས་ཉམས་པར་བྱེད་པ་དང་ཡིད་དུ་མི་འོང་བའི་ཉམས་སུ་གནོད་པར་བྱེད་པའི་ཕྱིར་དེ་དང་ཕྲད་ན་སླར་ཡང་འབྲལ་བའི་འདོད་པ་སྐྱེའོ།།གསུམ་པ་ནི་དེ་གཉིས་ཀ་མ་ཡིན་པའོ།།ཞེས་གསུངས་སོ།།
ཚོར་བ་གསུམ་པོ་དེ་ལ་ཡང་ལུས་སེམས་ཀྱི་རྟེན་གྱི་སྒོ་ནས་ཕྱེ་ན་རྣམ་པ་དྲུག་སྟེ།ལུས་ཚོར་གསུམ་དང༌།སེམས་ཚོར་གསུམ་མོ།།ལུས་ཚོར་གསུམ་ནི།ལུས་ཚོར་བདེ་བ།ལུས་ཚོར་སྡུག་བསྔལ།ལུས་ཚོར་བཏང་སྙོམས་གསུམ་མོ།།སེམས་ཚོར་གསུམ་ནི།སེམས་ཚོར་བདེ་བ།སེམས་ཚོར་སྡུག་བསྔལ།སེམས་ཚོར་བཏང་སྙོམས་གསུམ་མོ།དེ་ལ་ལུས་ཚོར་དང་སེམས་ཚོར་གཉིས་ཀྱི་ཁྱད་པར་ནི།དབང་ཤེས་ལྔའི་འཁོར་དུ་བྱུང་བའི་ཚོར་བ་རྣམས་ལ་ལུས་ཚོར་ཞེས་བྱ་ལ།ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་དུ་བྱུང་བའི་ཚོར་བ་རྣམས་ལ་སེམས་ཚོར་ཞེས་བྱའོ།ཡང་ན།སྒོ་ལྔའི་འཁོར་གྱི་ཚོར་བ་བདེ་བ།ཡིད་ཤེས་འཁོར་གྱི་ཡིད་བདེ།དེ་བཞིན་དུ་སྡུག་བསྔལ་དང་ཡིད་མི་བདེ་གཉིས་སུ་ཕྱེས་ལ་ཚོར་བ་བཏང་སྙོམས་དང་ལྔའོ།
ཡང་ཚོར་བ་དྲུག་པོ་དེ་ལ་ཟང་ཟིང་དང་བཅས་པ་དང་ཟང་ཟིང་མེད་པ་གཉིས་སུ་ཕྱེ་ན་བཅུ་གཉིས་སུ་ཡང་འགྱུར་རོ།།ཟག་བཅསཉེར་ལེན་གྱི་ཕུང་པོའམ་ལུས་ལ་སྲེད་ལྡན་སྐྱེ་བོའི་སྲེད་པ་དང་མཚུངས་ལྡན་གྱི་ཚོར་བ་རྣམས་ནི་ཟང་ཟིང་བཅས་བའི་ཚོར་བ།ལུས་ལ་སྲེད་བྲལ་འཕགས་པའི་སྲེད་པ་དང་མཚུངས་པར་ལྡན་པ་ནི་ཟང་ཟིང་མེད་པའི་ཚོར་བའོ།།
ཡང་ཚོར་བ་ལ་རྟེན་གྱི་སྒོ་ནས་དབྱེ་ན།མིག་རྣ་སྣ་ལྕེ་ལུས་ཡིད་ཀྱི་ཡུལ་དབང་ཤེས་གསུམ་འདུས་ཏེ་རེག་པ་ལས་བྱུང་བའི་གཟུགས་ཚོར་སོགས་ཚོར་བ་དྲུག་དང༌།དེ་དྲུག་ལ་བདེ་སྡུག་བཏང་སྙོམས་གསུམ་གྱི་དབྱེ་བས་རྟེན་འབྲེལ་མདོ་འགྲེལ་ལས།གང་སྐྱེས་པ་ན་འབྲལ་མི་འདོད།།འབྲལ་བར་འདོད་དང་གཉིས་མི་དགེ།རྒྱུགང་ཚོར་བར་ཤེས་བྱ་སྟེ།།དེ་ནི་བདེ་སོགས་གོ་རིམ་བཞིན།།ཞེས་གསུངས་པས་ཡིད་ཉེ་བར་རྒྱུ་བའི་ཚོར་བ་བཅོ་བརྒྱད་དུ་འགྱུར་རོ།
ཡང་ཚོར་བ་ལ་སྤང་གཉེན་གྱི་སྒོ་ནས་དབྱེ་ན།ཞེན་པ་རྟེན་པའི་ཚོར་བ་དང༌།མངོན་པར་འབྱུང་བ་རྟེན་པའི་ཚོར་བ་གཉིས་སུ་ཡོད་དོ།།ཞེན་པ་རྟེན་པའི་ཚོར་བ་ནི།འདོད་ཅིང་སྨོན་པར་བྱ་བས་ན་འདོད་པ་དང་ཡང་ཡང་སྒོམས་པར་བྱ་བས་ན་དེའི་ཡོན་ཏན་ཏེ་སོ་སྐྱེས་རྒྱུད་ཀྱི་ཚོར་བ་འདོད་ཡོན་ལྔ་ལ་སྲེད་པ་དང་མཚུངས་ལྡན་ཞེན་པའི་རྟེན་བྱེད་པས་ཞེན་པ་རྟེན་པའི་ཚོར་བ།མངོན་པར་འབྱུང་བ་རྟེན་པའི་ཚོར་བ་ནི་འཕགས་རྒྱུད་ཀྱི་ཚོར་བ་ཞེན་པ་མེད་པ་ལམ་ངེས་འབྱུང་གི་རྟེན་བྱེད་པས་མངོན་པར་འབྱུང་བ་རྟེན་པའི་ཚོར་བ་སོགས་ཀྱི་རྣམ་གྲངས་ཡོད་དོ།
 
(རྟ་མགྲིན་རྒྱལ།ཚེ་རིང་རྣམ་རྒྱལ།)
 
བསམས་གཞིགས།
༡ཚོར་བའི་མཚན་ཉིད་ཅི།
༢ཚོར་པའི་དབྱེ་བ་གང༌།
༣ཚོར་བ་དང་རེག་བྱ་གཉིས་ཀྱི་ཁྱད་པར་ཅི།
༤སེམས་ཚོར་དང་ལུས་ཚོར་གཉིས་ཀྱི་ཁྱད་པར་ཅི།
༥ཟང་ཟིང་དང་བཅས་པའི་ཚོར་བ་ཞེས་པའི་དོན་ཅི།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号