ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་དང་པོ།ཕུང་པོ་ལྔ་ལས་འདུ་ཤེས་ཀྱི་ཕུང་པོ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།

ས་བཅད་བཞི་པ།འདུ་ཤེས་ཀྱི་ཕུང་པོ།

འདུ་ཤེས་ཀྱི་ཕུང་པོ་བཤད་པ་ལ་མཚན་ཉིད་བཤད་པ་དང་
 
དབྱེ་བ་བཤད་པ་གཉིས།
 
དང་པོ།འདུ་ཤེས་ཀྱི་མཚན་ཉིད།
 
འདུ་ཤེས་ནི་མཚན་མར་འཛིན་པ་སྟེ།ཀུན་ནས་ཤེས་པར་བྱེད་པའམ་རྐྱེན་རྣམས་འདུས་ཏེ་ཡུལ་གྱི་ཁྱད་པར་སྔོ་སེར་སོགས་ལ།འདི་ནི་སྔོན་པོའོ།འདི་ནི་སེར་པོའོ་ཞེས་བྱེ་བྲག་ཤེས་པར་བྱེད་པའི་མཚན་ཉིད་ཅན་ཏེ་ཡུལ་གྱི་སྤུ་རིས་མི་འདྲ་བ་སོ་སོར་རིག་ཅིང་མཚན་མར་འཛིན་པའི་བདག་ཉིད་ཅན་ནོ།།འདི་ལ་མངོན་པ་ཀུན་བཏུས་ལས།འདུ་ཤེས་ཀྱི་མཚན་ཉིད་ཅི་ཞེ་ན།འདུས་ཏེ་ཤེས་པར་བྱེད་པའི་མཚན་ཉིད་དེ།མཚན་མར་འཛིན་པ་དང༌།བཀྲ་བར་འཛིན་པ་དང༌།བཀྲ་བར་འཛིན་པའི་ངོ་བོ་གང་གིས་ཇི་ལྟར་མཐོང་བ་དང༌།ཐོས་པ་དང༌།བྱེ་བྲག་ཕྱེད་པ་དང༌།རྣམ་པར་ཤེས་པའི་དོན་རྣམས་ལ་ཐ་སྙད་འདོགས་པའོ།།ཞེས་དང༌།ཕུང་པོ་ལྔའི་བཤད་པ་ལས།འདུ་ཤེས་ཀྱི་ཕུང་པོའི་མཚན་ཉིད་གང་ཞེ་ན།ཡུལ་ལ་མཚན་མར་འཛིན་པ་སྟེ།དེ་ལ་ཡུལ་ནི་གཟུགས་དང་སྒྲ་དང་དྲི་དང་རོ་ལ་སོགས་པའི་ཡུལ་ལྔའོ།།ཡུལ་དེའི་མཚན་ཉིད་ཡུལ་གྱི་ཁྱད་པར་ལ་བྱ་སྟེ།སྔོ་སེར་དམར་པོ་ལ་སོགས་པའོ།།འཛིན་པ་ནི།འདི་ནི་སྔོན་པོ་ཉིད་ཡིན་གྱི་གཞན་མ་ཡིན་ཞེས་བྱེ་བྲག་ཏུ་རྟོགས་པའོ།།དེ་ལྟར་ན་མིག་གི་རྣམ་པར་ཤེས་པ་དང་འདུ་ཤེས་གཉིས་ལ་ཁྱད་པར་ཅི་ཡོད་ཞེ་ན།སྤྱིར་གཟུགས་ཙམ་མོ་ཞེས་ཤེས་པ་ནི་རྣམ་པར་ཤེས་པའོ།།གཟུགས་ཀྱང་འདི་ནི་སྔོན་པོ་ཉིད་ཡིན་གྱི་སེར་པོ་ནི་མ་ཡིན་ནོ་ཞེས་བྱེ་བྲག་ཏུ་འབྱེད་པ་ནི་འདུ་ཤེས་ཏེ་དེ་བས་ན་ཁྱད་པར་ཡོད་དོ།ཞེས་གསུངས་སོ།
-     གཉིས་པ།འདུ་ཤེས་ཀྱི་དབྱེ་བ།
-     ༡རྟེན་གྱི་སྒོ་ནས་དབྱེ་བ།
འདི་ལ་རྟེན་གྱི་སྒོ་ནས་དབྱེ་ན།མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་ཀྱིས་གཟུགས་སུ་འདུ་ཤེས་པ་སོགས་ནས་ཡིད་ཀྱིས་ཆོས་སུ་འདུ་ཤེས་པའི་བར་གྱི་དྲུག་སྟེ།མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས།རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས།སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས།ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས།ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས།ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་རྣམས་སོ།།
༢འཛིན་ཚུལ་གྱི་སྒོ་ནས་དབྱེ་བ།
ཡང་མཚན་མར་ཛིན་པ་དང༌།བཀྲ་བར་འཛིན་པ་གཉིས།མཚན་མར་འཛིན་པ་ནི་རྟོག་མེད་ཀྱི་ཤེས་པ་ལ་སྣང་བའི་ཡུལ་གྱི་ཐུན་མོང་མ་ཡིན་པའི་མཚན་མ་འཛིན་པའོ།བཀྲ་བར་འཛིན་པ་ནི་རྣམ་རྟོག་ལ་སྣང་བའི་ཡུལ་གྱི་ཐུན་མོང་མ་ཡིན་པའི་མཚན་མ་འཛིན་པའོ།།འདུ་ཤེས་དེ་གཉིས་གང་ལ་འཇུག་པའི་གཞི་ནི།མཐོང་བ།ཐོས་པ།བྱེ་བྲག་བྱེད་པ།རྣམ་པར་ཤེས་པ་རྣམས་ཡིན་ལ།དེ་དག་གི་དོན་ནི།མཐོང་བ་ནི་མངོན་སུམ་གྱིས་མཐོང་བའི་དོན་ལ་ཐ་སྙད་འདོགས་པ་དང༌།ཐོས་པ་ནི་ཡིད་ཆེས་ཀྱི་ཚིག་ཐོས་པ་ལ་བརྟེན་ནས་ཐ་སྙད་འདོགས་པ་དང༌།བྱེ་བྲག་ཕྱེད་པ་ནི་རྟགས་ལ་བརྟེན་ནས་ངེས་པའི་དོན་ལ་ཐ་སྙད་འདོགས་པ་དང༌།རྣམ་པར་ཤེས་པ་ནི་མངོན་སུམ་དུ་ངེས་པའི་དོན་ལ་འདུ་ཤེས་ཀྱིས་ཐ་སྙད་འདོགས་པའོ།།མངོན་པ་མཛོད་ལས་ནི་དོན་ལ་མཚན་མར་འཛིན་པ་དང་ཐ་སྙད་ལ་མཚན་མར་འཛིན་པ་གཉིས་སུ་བཤད་ལ།དོན་ལ་མཚན་མར་འཛིན་པ་ནི།སྔོན་པོ་དང་སེར་པོ་སོགས་དོན་གྱི་སྤུ་རིས་སོ་སོར་ཕྱེ་ནས་འཛིན་པའོ།།ཐ་སྙད་ལ་མཚན་མར་འཛིན་པ་ནི།འདི་ནི་སྐྱེས་པའོ་འདི་ནི་བུད་མེད་དོ་སྙམ་དུ་ཐ་སྙད་ཀྱི་སྤུ་རིས་སོ་སོར་ཕྱེ་ནས་འཛིན་པའོ།།
༣དམིགས་པའི་སྒོ་ནས་དབྱེ་བ།
དམིགས་པའི་སྒོ་ནས་ཕྱེ་ན་དྲུག་སྟེ།མཚན་མ་དང་བཅས་པའི་འདུ་ཤེས་ཏང༌།མཚན་མ་མེད་པའི་འདུ་ཤེས་དང༌།ཆུང་ངུའི་འདུ་ཤེས་དང༌།རྒྱ་ཆེན་པོར་གྱུར་པའི་འདུ་ཤེས་དང༌།ཚད་མེད་པའི་འདུ་ཤེས་དང༌།ཅི་ཡང་མེད་དོ་སྙམ་པའི་འདུ་ཤེས་རྣམས་སོ།།
མཚན་མ་དང་བཅས་པའི་འདུ་ཤེས་ལ་ཡང་གསུམ་ཡོད་དེ།མིང་དོན་གྱི་འབྲེལ་བ་མཁས་པའི་འདུ་ཤེས།འདུས་བྱས་མི་རྟག་པ་སོགས་ལ་དམིགས་པའི་འདུ་ཤེས།དམིགས་རྣམ་གསལ་བའི་འདུ་ཤེས་གསུམ་མོ།།
མཚན་མ་མེད་པའི་འདུ་ཤེས་ལ་ཡང་གསུམ་སྟེ།སྔ་མ་མཚན་མ་དང་བཅས་པ་གསུམ་པོ་དེ་ལས་ལོག་པ་རྣམ་པ་གསུམ་མོ།ཆུང་ངུའི་འདུ་ཤེས་ནི།བསམ་གཏན་གྱི་དངོས་གཞི་མ་ཐོབ་པའི་འདོད་པའི་སོ་སྐྱེ་ཐ་མལ་པའི་རྒྱུད་ཀྱི་འདུ་ཤེས་རྣམས་དང་འདོད་ཡོན་ལ་དམིགས་པའི་འདུ་ཤེས་རྣམས་སོ།།
རྒྱ་ཆེན་པོར་གྱུར་པའི་འདུ་ཤེས་ནི།གཟུགས་ཁམས་ལ་དམིགས་པའི་འདུ་ཤེས་དང་གཟུགས་ཁམས་པའི་རྒྱུད་ཀྱི་འདུ་ཤེས་རྣམས་སོ།།
ཚད་མེད་པའི་འདུ་ཤེས་ནི།ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་དམིགས་པའི་འདུ་ཤེས་རྣམས་སོ།།
ཅི་ཡང་མེད་པའི་འདུ་ཤེས་ནི།ཅི་ཡང་མེད་པའི་སྐྱེ་མཆེད་ལ་དམིགས་པའི་འདུ་ཤེས་རྣམས་སོ།།
ཕུང་པོ་ལྔའི་བཤད་པ་ལས།འདུ་ཤེས་ཀྱི་ཕུང་པོ་ལ་དབྱེ་ན་རྣམ་པ་གསུམ་སྟེ།ཕྲ་བ་དང༌།ཆེན་པོར་གྱུར་བ་དང༌།ཚད་མེད་པའོ།།དེ་ལ་འདོད་པའི་ཁམས་ཀྱི་འདུ་ཤེས་ནི་ཕྲ་བ་ཞེས་བྱ་སྟེ།གཟུགས་ལ་སོགས་པའི་འདོད་པའི་ཡོན་ཏན་ལྔ་ཙམ་ལ་དམིགས་ཤིང་ཁམས་གཞན་ལ་ལྟོས་ན་ངན་པར་གྱུར་བའི་ཕྱིར་རོ།གཟུགས་ཀྱི་ཁམས་ཀྱི་འདུ་ཤེས་ནི་ཆེན་པོར་གྱུར་བ་ཞེས་བྱ་སྟེ།འདོད་པའི་ཁམས་ཀྱི་འདུ་ཤེས་པས་མཆོག་ཏུ་གྱུར་བ་དང༌།ཏིང་ངེ་འཛིན་ལ་དམིགས་པའི་ཕྱིར་རོ།གཟུགས་མེད་པའི་ཁམས་ཀྱི་འདུ་ཤེས་ནི་ཆེན་པོར་གྱུར་བ་ཞེས་བྱ་སྟེ།ནམ་མཁའ་མཐའ་ཡས་སོ་ཞེས་བྱ་བ་ལ་སོགས་པར་རྣམ་པར་ཚད་མེད་པར་དམིགས་པའི་ཕྱིར་རོ།ཡང་སློབ་དཔོན་ཁ་ཅིག་གིས་ཡུངས་ཀར་ལ་སོགས་པར་དམིགས་པའི་འདུ་ཤེས་ནི་ཕྲ་བ།རི་རབ་ལ་སོགས་པ་ལ་དམིགས་པའི་འདུ་ཤེས་ནི་ཆེན་པོར་གྱུར་བ།ནམ་མཁའ་ལ་སོགས་པའི་དམིགས་པའི་འདུ་ཤེས་ནི་ཚད་མེད་པ་ཞེས་འཆད་དོ།།ཞེས་གསུངས་སོ།
 
(རྟ་མགྲིན་རྒྱལ།ཚེ་རིང་རྣམ་རྒྱལ།)
 
བསམས་གཞིགས།
༡ འདུ་ཤེས་ཀྱི་མཚན་ཉིད་ཅི།
༢ འདུ་ཤེས་ཀྱི་དབྱེ་བ་གང།
༣ ཚོར་བ་དང་འདུ་ཤེས་གཉིས་ཀྱི་ཁྱད་པར་ཅི།
༤ ཆུང་ངུའི་འདུ་ཤེས་ཞེས་པའི་མཚན་གཞི་གང་ཡིན།
༥ བཀྲ་བར་འཛིན་པའི་འདུ་ཤེས་ཞེས་པའི་དོན་ཅི།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号