ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །ཤིང་གི་ཅ་ནེ།
སྤེལ་དུས།01-20  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

 

 200811817584497_2.jpg

 

ཤིང་གི་ཅ་ནེ།
      གནའ་སྔ་མོ་ཞིག་ལ།ལོ་ན་བགྲེས་པའི་རྒན་པོ་ཞིག་ཡོད།  ཁོའི་མིག་གཉིས་རབ་རིབ་ཏུ་གྱུར་བ་དང་རྣ་བ་འོན་པར་གྱུར་ཞིང་སྒྱིད་པ་གཉིས་ཀྱང་ལྷམ་ལྷམ་དུ་འདར་བཞིན་འདུག་ལ། ཟ་མ་ཟ་སྐབས་ལག་པ་འདར་ནས་དཀར་ཡོལ་ཡང་བརྟན་པོར་འཛིན་མི་ཐུབ་པར་རྟག་པར་ཟ་མ་ཕྱིར་ཕོ་བ་མ་ཟད།  ཁ་ནང་ནས་ཀྱང་ཟ་མ་ཕྱིར་བཞུར་ཡོང་གི་ཡོད། ཁོའི་བུ་དང་མནའ་མ་ཁོ་ལ་ཤིན་ཏུ་སུན་སྣང་སྐྱེས་པའི་དབང་གིས་ཨ་མྱེས་རྒན་པོ་དེ་ཁང་བའི་གྲུ་ཟུར་དུ་བསྡད་དེ་ཟ་མ་མི་ཟ་ཐབས་མེད་བྱུང༌།  བུ་དང་མནའ་མས་ཁོ་ལ་དཀར་ཡོལ་ཆུང་ཆུང་ཞིག་གི་ནང་ཟ་མ་ཉུང་ཉུང་ཞིག་ལས་མི་སྦྱིན་པས།  ཁོས་ཟ་མ་འགྲངས་ཚད་པ་ཞིག་གཏན་ནས་ཟ་མི་ཐུབ་པར་ནམ་རྒྱུན་སེམས་སྐྱ་མོ་སྡུག་གིས་ཁེངས་ནས་བུ་དང་མནའ་མས་ཟ་མ་ཟ་སའི་ཐབ་ཀའི་ཕྱོགས་སུ་མིག་ཅེ་རེར་ལྟ་བཞིན་མིག་གཉིས་མཆི་མས་བརླན་སོང༌།
    ཐེངས་ཤིག་ལ། ཁོའི་ཡོམ་མེར་དུ་འདར་བའི་ལག་པ་གཉིས་ཀྱིས་དཀར་ཡོལ་ཆུང་ཆུང་དེ་ཡང་དམ་པོར་ཡོམ་མེར་འཛིན་མ་ཐུབ་པར་སར་ལྷུང་ནས་ཆག་སོང༌།  ལོ་ན་གཞོན་པའི་མནའ་མས་ཁོ་ལ་སྡིགས་སྨོད་བྱས།  ཁོས་ཅི་ཡང་མི་བཤད་པར་དངན་པ་ནར་ནར་དུ་འཐེན་བཞིན་བསྡད། དེ་ནས་མནའ་མས་ཤིང་གི་ཅ་ནེ་ཆུང་ཆུང་ཞིག་ཉོས་ནས་ཁོ་ལ་དེའི་ནང་ཟ་མ་བྱིན།
    ཉིན་ཞིག་ལ།  རྒན་པོའི་བུ་དང་མནའ་མ་གཉིས་ཀྱིས་ཟ་མ་ཟོས་ཚར་ནས་བུ་ཡིས་ནས་ཆང་མངར་མོ་བཞེས་བཞིན་མཉམ་དུ་འདུག་སྐབས།  རྒན་པོའི་ཚ་བོས་ཐང་གི་ཤིང་དུམ་ཆུང་ཆུང་རྣམས་བཏུས་ནས་མཉམ་གཅིག་ཏུ་བསྡུས། ཨ་ཕས་ཁོ་ལ་ཁྱོད་ཀྱིས་ཅི་བྱེད་ཀྱིན་ཡོད་ཅེས་དྲིས་པར།  བུ་ཆུང་ན་རེ།  ངས་ཤིང་གི་ཅ་ནེ་ཆུང་ཆུང་ཞིག་ལས་ནས་ང་ནར་སོན་རྗེས་དེའི་ནང་ཨ་ཕ་དང་ཨ་མ་གཉིས་ཀར་ཟ་མ་སྦྱིན་རྒྱུ་ཡིན་ཞེས་བཤད། བུ་དང་མནའ་མས་ཕན་ཚུན་གྱི་གདོང་ལ་ཡུན་རིང་ཞིག་ལ་བལྟས་རྗེས། གཉིད་ལས་སད་པ་བཞིན་མྱུར་མ་མྱུར་དུ་ཁང་བའི་གྲུ་ཟུར་དུ་འཁུམས་ནས་བསྡད་ཡོད་པའི་རང་གི་ཨ་ཕ་བསྐྱོར་ནས་ཐབ་ཀའི་གམ་དུ་འོངས་ཤིང༌།   ཁོ་ཚོ་དང་མཉམ་དུ་བསྡད་དེ་ཟ་མ་ཟ་རུ་བཅུག  ཟ་མ་སར་གཏོར་ཡང་ཁོ་ཚུས་ཅི་ཡང་མ་བཤད།
    གྲོགས་པོ་ཆུང་ཆུང་ཚོ།  ཁྱིམ་ཚང་གི་སློབ་གསོ་དང་ཕ་མའི་བྱ་སྤྱོད་ཀྱིས་བྱིས་པར་བག་ཆགས་ཟབ་མོ་འཇོག་ཐུབ་པས། མི་ཚེ་ཡི་ཐོག་མ་ནི་ཁྱིམ་ཚང་དང་ཕ་མ་ནས་འགོ་རྩོམ་དགོས།ཕ་མ་ནི་བྱིས་པའི་མིག་དཔེ་ཡིན་ཕྱིར།  རང་གི་ཕ་མར་མ་བཀུར་ཚེ།  མ་འོངས་པ་ན་རང་གི་བྱིས་པས་ཀྱང་རང་ལ་བཀུར་མི་སྲིད། རྒན་པར་བརྩི་བཀུར་བྱེད་པ་ནི་རང་རེའི་རྒྱལ་ཁབ་དང་རང་རེའི་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་ཞིག་ཡིན། བསམ་བློ་ཞིག་ཐོངས་དང༌། ཁྱོད་ཚོར་རང་གི་ཕ་མ་དང་རང་གཞན་ཀུན་གྱི་རྒན་རབས་རྣམས་ལ་མ་བཀུར་བའི་བྱ་བ་སྤྱོད་པ་བྱུང་ཨེ་མྱོང༌།   གལ་ཏེ་བྱུང་མྱོང་ཚེ།  ད་ནས་བཟུང་དེ་ལྟར་བྱ་མི་འོས་པ་ཤེས་སམ།
    མཁས་པའི་ལེགས་བཤད་ལས།   ཇི་ལྟར་ཕ་མ་བུར་བྱམས་ཀྱང་། །དེ་ལྟར་བུ་ཚས་ཕ་མར་མིན།  །ཕ་མས་བུ་ཚ་བསྐྱངས་བསྐྱངས་ཀྱང༌།  །ཕ་མ་རྒས་དུས་བུ་ཚས་བརྙས།  །ཞེས་གསུངས་ཡོད་པས་ང་ཚོས་དེ་ལྟར་བྱ་མི་འོས་སོ། །

 

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号