ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །ཉམ་ཆུང་རྟ་ཡིས་སྟོབས་ལྡན་སེང་གེ་
སྤེལ་དུས།01-20  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།
    གནའ་སྔ་མོ་ཞིག་ལ།  ཞིང་བ་ཁྱིམ་ཚང་ཞིག་ལ་རྟ་ཞིག་ཡོད། རྟ་དེས་ནམ་རྒྱུན་རང་གི་བདག་པོའི་ཅི་བཤད་བསྒྲུབས་ནས།  ནངས་སྔ་མོ་སྐྱ་རེངས་ཤར་བ་ནས་དགོང་ཕྱི་དྲོ་ཉི་མ་ནུབ་པའི་བར་ཞིང་བ་ཚང་ལ་ཆུང་བ་འཐུང་ཆུ་འཁུར་བ་ནས་ཆེ་བ་རྨོ་ལས་བྱེད་པ་སོགས་ལས་ཀ་ཐམས་ཅད་ལས་ཤིང༌།  རྨིག་ག་ཟད་ཀྱང་རུང༌།  སྐྱི་ལྤགས་བཤུས་ཀྱང་རུང༌། རང་གི་བདག་པོར་གཞུང་སེམས་དྲང་མོ་མདའ་འདྲ་འདྲ་དང་བློ་སེམས་དཀར་པོ་གངས་འདྲ་འདྲ་ཞིག་བཅངས་ཏེ། ཉིན་གཅིག་ལའང་ལེ་ལོར་གཡེང་མ་མྱོང༌།
    ལོ་ཟླ་ཡུན་གྱིས་འདས་སོང༌། རྟ་དེ་ཡང་རྒས་ནས་ལས་ཀ་ལས་མི་ཐུབ་པར་གྱུར། སྙིང་རྗེ་མེད་པའི་བདག་པོས་རྟ་ཡིས་རང་ལ་གོ་མི་ཆོད་པ་མཐོང་ནས་རྟ་ཆས་མི་སྟེར་བ་མ་ཟད། ད་དུང་རྟ་རྒན་ལ་གལ་ཏེ་ཁྱོད་ཀྱིས་ང་ལ་སེང་གེ་ཞིག་བཟུང་འོངས་ནས་ཁྱོད་རང་སྔོན་ཆད་ལྟར་སྟོབས་དང་ལྡན་པ་བདེན་དཔང་བྱེད་ནུས་ན་ང་ཡིས་ཁྱོད་རང་འདུག་ཏུ་འཇུག དེ་མིན། ད་ལྟ་ཉིད་དུ་ཁྱོད་རང་ང་ཡི་རྟ་ར་དང་འབྲལ་དགོས་ཞེས་རྟ་རྒན་ཁྱིམ་ནས་མཐར་བསྐྲད།  རྟ་རྒན་གྱི་སེམས་ལ་སྡུག་གིས་ཁེངས་ནས་མིག་མཆི་མ་ཤ་ལེར་དམིགས་གཏད་ཅི་ཡང་མེད་པར་གང་སར་འཁྱམས། འཁྱམས་འཁྱམས་མཐར་ནགས་ཚལ་ཞིག་ལ་བསླེབས། ནགས་འདབས་ནས་རྟ་རྒན་དེ་རི་བོང་ཞིག་དང་ཕྲད། རི་བོང་ན་རེ།  ཨ་ཁུ་རྟ་རྒན།  མིག་ཆུ་བཞུར་དོན་ཅི་ཞེས་དྲིས་པ་ན།    རྟ་རྒན་གྱིས་རང་གི་ལོ་རྒྱུས་མ་གསང་བར་དྲང་མོར་བརྗོད། རི་བོང་གིས་ཉན་རྗེས་རྟ་རྒན་ལ་སྙིང་རྗེ་སྐྱེས་ནས་ན་རེ། ཁྱོད་ཀྱིས་ངའི་ཁ་ལ་ཉོན་དང༌།  ང་ཡིས་ཁྱོད་ལ་རོགས་བྱེད་ཡ། ད་ལྟ་ཁྱོད་རང་ཤི་བ་ལྟར་སར་ལོག་ནས་མ་འགུལ་ཞེས་བཤད། རྟ་རྒན་གྱིས་ཀྱང་རི་བོང་བློ་རིག་ལྡན་པ་ཤེས་ནས་རི་བོང་གིས་བཤད་པ་ལྟར་བསྒྲུབས། རི་བོང་ཐག་མི་རིང་སའི་སེང་གེ་འདུག་སར་སོང་ནས་ན་རེ། གུས་པའི་སྲོག་ཆགས་རྒྱལ་པོ་ལགས། ཕྱི་རུ་རྟ་ཞིག་ཤི་འདུག ཁྱེད་རང་སོང་ནས་འགྲངས་ཚད་པ་ཞིག་ཟོས་ཆོག་ཅེས་སྨོས།  སེང་གེ་དེ་རི་བོང་གི་རྗེས་དེད་ནས་རྟ་རྒན་གྱི་གམ་དུ་བསླེབ་པ་ན་རི་བོང་ན་རེ།  རླབས་ཆེ་བའི་སེང་གེ་རྒྱལ་པོ་ལགས། ཁྱོད་རང་སྲོག་ཆགས་ཀྱི་རྒྱལ་པོ་ཡིན་པ་ལ།  ས་སྟོང་འདིར་རྟ་ཤི་རོ་ཞིག་གི་ཤ་ཟོས་ན་ངོ་མས་ཀུན་གྱིས་འཕྱ་སྨོད་བྱེད་པའི་གཞི་རུ་འགྱུར་དེས།  གལ་ཏེ་ཁྱོད་ཀྱིས་རྟ་རྒན་འདི་རང་གི་བཞུགས་གནས་སུ་དྲུད་ནས་སོས་དལ་མོར་ཟོས་ཚེ་མི་སྐྱིད་དམ་ཞེས་བཤད།   སྐད་ཆ་དེ་སེང་གེའི་བློར་ཤིན་ཏུ་བབས་ཏེ། རི་བོང་ལ་རྟ་རྒན་གྱི་རྔ་མ་རང་གི་ལུས་སྟེང་ལ་སྡོམ་དུ་བཅུག རི་བོང་གིས་སེང་གེའི་རྐང་པ་གཉིས་རྟ་རྔས་དམ་པོར་བཀྱིགས་ནས་སེང་གེ་ཅུང་ཙམ་ཡང་འགུལ་མི་ཐུབ་པར་བྱས་རྗེས། རྟ་རྒན་གྱི་དྲུག་ལ་རྡུང་བཞིན་ན་རེ།  ཨ་ཁུ་རྟ་རྒན་ལགས།  ཨ་ཁུ་རྟ་རྒན་ལགས། མྱུར་མ་མྱུར་དུ་དྲུད་དེ་སོང༌། དྲུད་ལ་བདག་པོའི་མདུན་དུ་སོང་ཞེས་སྨོས།  རྟ་རྒན་དེ་མ་ཐག་ཧར་གྱིས་ལངས་ནས་སེང་གེ་དྲུད་དེ་མྱུར་དུ་བརྒྱུགས་སོང༌། སྲོག་ཆགས་རྒྱལ་པོས་ཞེ་སྡང་གི་ང་རོ་བསྒྲགས་ནས་རྟ་རྒན་ལ་འཇིགས་བསྐུལ།  ནགས་ཚལ་ཁྲོད་ཀྱི་བྱ་དང་བྱིའུ་རྣམས་སེང་གེའི་ང་རོལ་འཇིགས་ཏེ་གཤོག་ཟུང་བརྡབས་ནས་ནམ་མཁའི་མཐོངས་སུ་འཕུར་སོང༌། ཡིན་ནའང༌། སེང་གིས་ཞེ་སྡང་གི་ང་རོ་ཇི་ལྟར་བསྒྲགས་རུང༌།  རྟ་རྒན་གྱིས་ཁ་ཡ་མི་བྱེད་པར་སེང་གེ་དྲུད་དེ་ནགས་ཚལ་དང་སྤང་ཐང་བརྒྱུད་ནས་རང་གི་བདག་པོ་ཚང་གི་སྒོ་ཁར་འོངས། བདག་པོས་གནས་ཚུལ་འདི་མཐོང་ནས་རྟ་རྒན་གྱི་དཀར་སེམས་རྟོགས་པ་དང༌། རང་གི་སྤྱོད་པ་ལ་སེམས་གཏིང་ནས་འགྱོད་པ་སྐྱེས་ནས་རྟ་རྒན་ལ་ཁྱོད་རང་ང་ཡི་ཁྱིམ་ནས་འདུག་པར་ཞུ།  ང་ཡི་ཁྱིམ་ནས་འདུག་ཀྱང་འོས་ལ།  ང་ཡི་ཁྱིམ་དུ་བསྡད་ནས་འཚོ་བ་སྐྱིད་པོ་རོལ་པར་འོས་ཞེས་སྨོས། དེ་ནས་བཟུང༌། བདག་པོས་རྟ་རྒན་ལ་ཉིན་རེ་བཞིན་གཟན་ཆས་ཡིད་ཚིམ་པ་སྦྱིན་ནས་ཤི་རག་བར་བདག་སྐྱོང་ལེགས་པོ་བྱས།
    གྲོགས་པོ་ཆུང་ཆུང་ཚོ།  ཀུན་ལ་བྱམས་ཀྱིས་སྐྱོང་བ་ནི་རང་རེའི་མི་རིགས་འདིའི་སྲོལ་རྒྱུན་བཟང་པོ་ཡིན། ཀུན་ལ་བྱམས་ཀྱིས་སྐྱོང་བ་དེའི་ནང་སྲོག་ཆགས་དུད་འགྲོ་དག་ཀྱང་འདུས་པ་སྟེ།  དཔེར་ན།  རང་གི་ཞོན་རྟ་དང་རྨོ་ཟོག སྒོ་ཁྱིམ་སྲུང་བའི་ཁྱི་སོགས་ལ་གཅར་རྡུང་མི་བྱེད་པར་བྱམས་ཀྱིས་བཀོལ་བ་དེ་ཡིན།  དེ་ནི་སྙིང་རྗེ་ཁོ་ན་མ་ཡིན་པར།མི་རིགས་ཤིག་གི་གཤིས་རྒྱུད་ལས་གྲུབ་པ་རེད། དེར་བརྟེན། གཏམ་རྒྱུད་འདིའི་ཁྲོད་ཀྱི་བདག་པོ་ནང་བཞིན་རང་གི་བཀོལ་རྟ་རྒས་མཐར་སྒོ་ཕྱིར་སྐྲོད་པ་ནི་ཐ་ཤལ་གྱི་སྤྱོད་པ་ཡིན་པས་ན། ང་ཚོས་དེ་ལྟར་གཏན་ནས་བྱེད་མི་འོས། དགའ་འོས་པ་ལ་གཏམ་རྒྱུད་འདིའི་ནང་གི་བདག་པོས་ཀྱང་མཇུག་མཐར་རང་གི་ནོར་འཁྲུལ་ངོས་ཟིན་པ་དེ་རེད།
2560Horse_002001.jpg
 

 

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号