ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །རྒྱལ་པོ་དང་ཤ་ཁྱི།
སྤེལ་དུས།01-20  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      གནའ་སྔ་མོ་ཞིག་ལ། རྒྱལ་ཁབ་ཅིག་ན་མིང་ལ་ས་སྐྱོང་སྟོབས་ལྡན་ཟེར་བའི་རྒྱལ་པོ་ཞིག་ཡོད་ལ། རྒྱལ་པོ་དེ་རི་དྭགས་རྔོན་རྒྱུར་ཧ་ཅང་དགའ།  ཁོར་མིང་ལ་རླུང་ཤ་ཟེར་བའི་ཤ་ཁྱི་གཅིག་ཡོད་ཅིང༌།  དེ་ནི་ཁོའི་གཅེས་ནོར་འདང་ཅན་འབའ་ཞིག་ཡིན་པས། ས་གོམ་པ་གང་ལ་སོང་ཡང་དེ་འཁྲིད་དགོས།

ནམ་ཟླ་ཤིན་ཏུ་བཟང་བའི་ཉིན་མོ་ཞིག་ལ།  ས་སྐྱོང་སྟོབས་ལྡན་གྱིས་ཡང་སྔར་བཞིན་འཁོར་བློན་མང་པོ་ཁྲིད་དེ་རི་དྭགས་རྔོན་དུ་སོང༌། སྤང་ལྗོངས་དང་ནགས་ཚལ་གྱི་མཚམས་ཤིག་ནས་གཙོད་གཅིག་མཐོང་འཕྲལ།   ས་སྐྱོང་སྟོབས་ལྡན་རབ་ཏུ་དགའ་ནས་གསོན་པོར་འཛིན་བསམས།  ཡིན་ནའང༌།  གཙོད་ཀྱི་གོམ་ལག་ཤིན་ཏུ་མྱུར་བས།  བལྟས་བལྟས་ལ་ས་སྐྱོང་སྟོབས་ལྡན་གྱི་མིག་འོག་ནས་བྲོས་སོང༌།  ས་སྐྱོང་སྟོབས་ལྡན་ཤིན་ཏུ་ཁྲོས་ནས་བཅིབས་རྟ་ལ་ལྕག་གིས་བཞུས་བཞིན་རྗེས་དེད་ནས་སོང༌།  ཤ་ཁྱི་རླུང་ཤ་ཡིས་རང་གི་བདག་པོས་གཙོད་རྗེས་བསྙེགས་པ་མཐོང་ནས་དེ་མ་ཐག་རླུང་ཤ་འཚུབ་མ་འཁོར་བ་བཞིན་གཙོད་ཀྱི་སྔུན་ནས་བཀག་པ་མ་ཟད།  མཆོང་ཐེངས་གཅིག་གིས་གཙོད་ཀྱི་སྐེ་ལ་རྨུག་ནས་རང་གི་བདག་པོར་འཛིན་རོགས་བྱས།  ས་སྐྱོང་སྟོབས་ལྡན་གྱིས་ཤ་ཁྱི་རླུང་ཤས་རོགས་རམ་འོག་གཙོད་བསད་རྗེས་ཡིད་ཚིམ་སོང༌།
དུས་དེར་མི་རྟ་གཉིས་ཀ་ཐང་ཆད་ཅིང༌།  ཉིན་གུང་ལ་བསླེབས་འདུག་པ་ན་ཉི་མའང་ཤིན་ཏུ་ཚ་གདུག་ཆེ།  ས་སྐྱོང་སྟོབས་ལྡན་གྱིས་ཉེ་འདབས་ཀྱི་སྡོང་བོ་ཞིག་གི་སྟེང་ཆུ་ཐིགས་བཞིན་པ་མཐོང་ནས་གསེར་གྱིས་ཤན་པའི་དཀར་ཡོལ་རུམ་ནས་བླངས་ཏེ་སྡོང་འོག་ཏུ་བཞག་ནས་ཆུ་བླངས།  ཆུ་ཐིགས་གིས་དཀར་ཡོལ་བཀང་ནས་ཁོས་བཏུང་བར་བརྩམས་དུས། ཤ་ཁྱི་རླུང་ཤས་མཆུ་ཏོས་བརྒྱབ་ནས་ཆུས་བཀང་བའི་དཀར་ཡོལ་སར་གཡུགས།  ས་སྐྱོང་སྟོབས་ལྡན་གྱིས་ཤ་ཁྱི་སྐོམ་དྲགས་པ་རེད་བསམས་ནས།  ཡང་བསྐྱར་ཆུ་དཀར་ཡོལ་གང་བླངས་ནས་ཤ་ཁྱིའི་མདུན་དུ་བཞག  ཡིན་ནའང་ཤ་ཁྱིས་ཡང་བསྐྱར་དཀར་ཡོལ་དང་བཅས་པ་སར་གཡུགས།  རྒྱལ་པོ་ཧ་ཅང་མ་དགའ་བར་ཤ་ཁྱིར་རྡོག་མཐིལ་གཅིག་བརྒྱབ་སྟེ། སླར་ཡང་ཆུ་ཐིགས་དཀར་ཡོལ་གང་བླངས་ནས་བཅིབས་རྟའི་མདུན་དུ་བཞག  བཅིབས་རྟས་སྐེ་བསྲིངས་ནས་འཐུང་བར་བརྩམས་པ་ན་ཤ་ཁྱི་རླུང་ཤས་སླར་ཡང་མཆུ་ཏོས་བརྒྱབ་ནས་སར་གཡུགས།དུས་དེར་རྒྱལ་པོ་རབ་ཏུ་ཁྲོས་པས།  ལྡོམ་ཁྱི་ཁྱོད་ཅེས་སྡིགས་སྨོད་བྱེད་ཀྱིན་རལ་གྲི་ཕྱུང་ནས་ཤ་ཁྱི་རླུང་ཤར་བསྣུན། ཤ་ཁྱི་རླུང་ཤ་ཡིས་མིག་ཟུང་ལས་མཆི་མ་བཞུར་བཞིན་རང་གི་བདག་པོར་མིག་ཅེ་རེར་བལྟས་པ་དང་དེ་ནས་སྡོང་མགོར་མིག་ཅེ་རེར་ལྟ་བཞིན་མིག་བཙུམ་ནས་ཤི་སོང༌།  རྒྱལ་པོས་མགོ་བོ་ཡར་བཀྱགས་ནས་སྡོང་མགོར་བལྟས་ཙ་ན།  སྡོང་མགོ་ན་དུག་སྦྲུལ་རྫ་མ་འདྲ་ཞིག་གིས་དུག་ཁ་ཆེ་རུ་གདངས་ནས་དུག་ཆུ་ཕྱིར་ཕུད་བཞིན་ཡོད་པ་མཐོང༌། རྒྱལ་པོས་ད་གཟོད་ཧ་གོ་སྟེ་སེམས་གཏིང་ནས་འགྱོད་པ་སྐྱེས། ཡིན་ནའང་འཕྱི་དྲགས་སོང༌། རང་གི་གཅེས་ཁྱི་རླུང་ཤ་སར་འགྱེལ་ནས་ཁྲག་གིས་བརྫིས་འདུག
གྲོགས་པོ་ཆུང་ཆུང་ཚོ།དོན་དག་ཅི་ཞིག་བསྒྲུབ་ཀྱང་སྔོན་ན་དེས་པར་དུ་བསམ་བློ་ཞིབ་མོ་གཏོང་དགོས།  ཞིབ་འདང་མ་བརྒྱབ་པར་ཧོད་རྒྱུག་བྱས་ན་དོན་དག་ལེགས་པོར་མི་འགྲུབ་པ་མ་ཟད། སྐབས་འགར་ད་དུང་རང་གཞན་གཉིས་ཀར་གནོད་པའང་བྱེད་སྲིད།  བསྒྲུབས་ཚར་རྗེས་འགྱོད་པ་སྐྱེས་པ་ནི་ལས་ཀྱི་མཐའ་མ་ཡིན་པས།དོན་སྙིང་ཅི་ཡང་ཡོད་པ་མ་རེད།
ཁ་དཔེ་ལའང༌།  རྟ་འདོ་བས་ཆུ་འཐུང་དུས། སྔ་ལྟོས་ཤིག་དང་ཕྱི་ལྟོས་ཤིག   སྟག་ཤ་རས་དོན་བསྒྲུབ་དུས་སྔ་འདང་ཞིག་དང་གཞུག་འདང་ཞིག་ཅེས་བཤད་སྲོལ་ཡོད་པས།   ཁྱོད་ཀྱིས་བལྟས་ན་དེ་ལྟར་རེད་དམ།  
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号