རྒྱང་ཐག་རིང་བའི་རི་སྡེ་ཆུང་ཆུང་ཞིག་ན། ཁྱི་མོག་མོག་བལྟས་མདོག་མེད་པ། ལུས་ཡོངས་ཀྱི་སྤུ་འཇོ་ལོ་ལོ་འཇུ་ལིར་ཆགས་པ། ཐོད་པའི་སྤུ་ཡིས་ངོ་གདོང་བཀབ་པ་ཞིག་ཡོད། དེས་ཉིན་དཀར་བདག་པོའི་ལུག་རྫི་བྱས་ཤིང༌། མཚན་མོ་བདག་པོའི་ཁྱིམ་ར་སྲུང་ནས་ཉིན་གཅིག་ལའང་སོས་དལ་དལ་ངང་ངལ་གསོས་མ་མྱོང་ལ།ཞག་མ་གཅིག་ལའང་གཉིད་སྐྱིད་པོ་ཞིག་ཁུགས་མ་མྱོང༌།
བདག་པོ་ཚང་གི་ལྟག་རྒྱབ་ན་ཐང་བྱིའུ་ཞིག་ཡོད་པ་དེས་ཉིན་རེ་རེར་ནངས་སྔ་མོར་ཉི་རྩེ་བརྒྱབ་མ་ཐག་ཁྱི་མོག་མོག་ལ་ལུག་རྫི་བྱེད་པའི་གྲོགས་བྱས་ཤིང༌། དགོང་ཕྱི་དྲོ་མུན་པ་འཐིབས་རྗེས། ད་གཟོད་ཁྱི་མོག་མོག་དང་འགྲོགས་ནས་ལུག་ཁྱི་དེད་ནས་ཕྱིར་འོངས། ཁྱི་མོག་མོག་གིས་བདག་པོས་རང་ལ་བླུད་པའི་ཟས་ཁམ་གང་ཡིན་ཡང་ཐང་བྱིའུ་ཁྲ་ཁྲ་དང་མཉམ་ཟ་བྱས་ཤིང༌། དགུན་ཁ་གྲང་ངར་ཆེ་དུས་ཐང་བྱིའུ་ཁྲ་ཁྲ་དེ་ཁྱི་མོག་མོག་གི་སྟུག་ཅིང་རིང་བའི་ཁྱི་སྤུ་འཇུ་ལིའི་གསེང་ལ་འཛུལ་ནས་ལྷགས་པ་ལས་གཡོལ།
དེ་ལྟར་ཁྱི་མོག་མོག་དང་ཐང་བྱིའུ་ཁྲ་ཁྲ་གཉིས་དབྱར་གསུམ་སྐྱིད་པའི་སྐྱིད་གྲོགས་དང་དགུན་གསུམ་སྡུག་པའི་སྐྱོ་གྲོགས་བྱས་ནས་ལོ་ཟླ་རིང་མོ་ཡུན་གྱིས་འདས་ཤིང༌། ཁྱི་མོག་མོག་དེ་ཡང་ཉིན་རེ་ནས་ཉིན་རེར་རྒས་ནས་ཉིན་འགར་ལུག་ཁྱུའི་རྗེས་མི་ཆོད་པ་དང༌། མཚན་མོ་རྐུན་མའི་སྒྲ་མི་ཐོས་པས། རྒྱུ་འབྲས་མེད་པའི་བདག་པོས་ཁྱི་མོག་མོག་ཁྱིམ་ནས་ཕྱིར་བསྐྲད། དེ་ནས་བཟུང༌། ཁྱི་མོག་མོག་ལ་ཉིན་དཀར་ཁ་ཟས་མེད་པ་དང་མཚན་མོ་ཉལ་ས་མེད་པར་གང་སར་འཁྱམས།ཐང་བྱིའུ་ཁྲ་ཁྲ་ཡིས་ཀྱང་ཁྱི་མོག་མོག་བློས་གཏོང་མ་ཐུབ་པར་དེའི་རྗེས་འབྲངས་ནས་གང་སར་འཁྱམས། རི་སྡེ་དང་ཞིང་གྲོང་གང་དུ་བསླེབས་ཀྱང་ཐང་བྱིའུ་ཕྱོགས་ཕྱོགས་སུ་འཕུར་ནས་ཁ་ཟས་འཚོལ་ཏེ་ཟས་ཁམ་གང་ཡང་ཁྱི་མོག་མོག་དང་མཉམ་ཟ་བྱས།
ཉིན་ཞིག་ལ།དེ་གཉིས་ལམ་ཆེན་བརྒྱུད་ནས་ཡུན་རིང་ལ་སོང་མཐར། ཁྱི་མོག་མོག་ཤིན་ཏུ་ཐང་ཆད་དེ་འགྲོ་མ་ནུས་པར་ཐང་བྱིའུ་ཁྲ་ཁྲ་ལ། སྤུན་ཆུང་ཐང་བྱིའུ་ལགས། ད་ནི་ང་རང་ལ་གོམ་གང་སྤོ་བའི་སྟོབས་ཀྱང་མེད། ཁྱོད་ཀྱིས་ང་ད་བར་དུ་མ་དོར་བར་བདག་སྐྱོང་བྱས་པ་ཐུགས་རྗེ་ཆེ། ད་ནི་ང་ཡི་ཚེ་ཚད་ལ་ཁའི་ཉི་མ་དང་འདྲ་བར་འཆི་ལ་ཉེ་བས་ཁྱོད་ཀྱི་སྡུག་གི་ཁུར་བོར་གྱུར། ཁྱོད་ཀྱིས་ང་རང་འདི་རུ་སྐྱུར་ཐོངས། ཁྱོད་རང་རྒྱང་རིང་ཡུལ་དུ་སོང༌། རྒྱང་རིང་ཡུལ་དུ་འཚོ་ལམ་འཚོལ་བར་སོང་ཞེས་སྨོས་མཐར་ལམ་དུ་འགྱེལ་ནས་གཉིད་དུ་ཡུར་སོང༌། ཐང་བྱིའུ་ཁྲ་ཁྲ་ལམ་འགྲམ་གྱི་སྡོང་མགོར་འཕུར་ནས་ཁྱི་མོག་མོག་སྲུང་བཞིན་བསྡད།
ཡུད་ཙམ་ནས་མི་ཞིག་གིས་ཤིང་རྟ་ཞིག་ལ་ཁ་ལོ་བསྒྱུར་ནས་སླེབ་བྱུང༌། ཤིང་རྟའི་སྟེང་དུ་ཆང་ཤིང་ཟོ་གཉིས་བཞག་འདུག ཐང་བྱིའུ་ཁྲ་ཁྲ་ན་རེ། ཤིང་རྟར་ཁ་ལོ་བསྒྱུར་བའི་སེམས་བཟང་གི་ཨ་ཁུ་ལགས། ཁྱོད་ཀྱིས་ང་ལ་རོགས་ཤིག་བྱོས། ང་ཡི་ཕུ་བོ་ཁྱི་མོག་མོག་རྒས་ཤིང་ཐང་ཆད་དེ་ལམ་ཁ་ནས་གཉིད་ལ་ཤོར། ང་ཡི་ལུས་སྟོབས་ཆུང་བས་གཞན་དུ་སྤོ་མ་ནུས། ཁྱོད་ཀྱིས་ང་ཡི་ཕུ་བོ་ལམ་འགྲམ་དུ་སྤོ་རོགས་གནང་ཞེས་ཞུ་བ་བྱས། ཤིང་རྟའི་ཁ་ལོ་བ་ན་རེ། ང་བྲེལ་ནས་གདའ། མི་བྲེལ་རུང་ཁྱོད་ཀྱི་ཁྱི་རྒན་ཞིག་ལ་བདག་བྱེད་དོན་མེད། མྱུར་དུ་ལམ་ཕྱེས་ཞེས་སྨོས།
དེ་ནས་ཐང་བྱིའུ་ཡིས་སླར་ཡང་སེམས་བཟང་གི་ཁ་ལོ་བ་ལགས། སྙིང་རྗེ་ཞིག་སྒོམས། ང་ཡི་ཕུ་བོ་གཡོལ་ནས་འགྲོ་རོགས་ཞེས་ཞུ་བ་ཡང་ཡང་བྱས་ཀྱང་ཤིང་རྟའི་ཁ་ལོ་བ་དེས་ཁྱི་མོག་མོག་ལ་མིག་གིས་ཀྱང་མི་ལྟ་བར་རྟ་ལ་ལྕག་གིས་བཞུས་ཀྱིན་ཤིང་རྟ་ཁྱི་མོག་མོག་སྟེང་ནས་བསྐོར་བཞིན་ཡུགས་སེ་བསྐྱོད་སོང༌། ཁྱི་མོག་མོག་དེ་ཡང་རྒས་པའི་རྨི་ལམ་རབ་རིབ་ཁྲོད་ནས་དབུགས་ཀྱི་རྒྱུ་བ་ཡོངས་སུ་ཆད་སོང༌། ཐང་བྱིའུ་ཁྲ་ཁྲ་ཡིས་མི་སེམས་ནག་དེས་ཁྱི་མོག་མོག་གཅིར་བ་མཐོང་འཕྲལ་སེམས་སྡུག་གི་མིག་ཆུ་ཁྲོམ་ཁྲོམ་དུ་བཞུར།
ཐང་བྱིའུ་ཁྲ་ཁྲ་ཤིང་རྟའི་རྗེས་འབྲངས་ནས་འཕུར། ལམ་ཐག་རིང་མོར་ཆང་གི་ཟོ་བར་མཆུ་ཏོས་བརྒྱབ་ནས་ཁུང་བུ་ཞིག་བཏོད། ཆང་ཁུང་བུ་བརྒྱུད་ནས་ཕྱིར་བཞུར། ཁ་ལོ་བ་རང་ཁྱིམ་དུ་བསླེབས་ནེས་ལྟ་དུས་ཆང་ཟོ་གང་བཞུར་ནས་ཚར་འདུག ཁ་ལོ་བས་ཨ་ཁ་ཁ། ང་ཡི་ལས་འདི་ངན་རེ་ལྟོས་ཞེས་སྨྲེ་ངག་བཏོན། ཐང་བྱིའུ་ཁྲ་ཁྲ་ན་རེ། ཁྱོད་རང་སེམས་པ་ངན་པས་ལན་ཞེས་སྨོས། ཁ་ལོ་བས་འཇོར་ཞིག་བཟུང་ནས་ཞེ་སྡང་ཆེན་པོས་ཐང་བྱིའུ་ཁྲ་ཁྲ་ལ་བརྒྱབ་བྱུང་བ་ཐང་བྱིའུ་་ཁྲ་ཁྲ་རྟའི་མགོ་ན་ཡོད་པས། འཇོར་དེ་རྟ་མགོར་འཁེལ་ནས་གསོད་འདོད་པའི་ཐང་བྱིའུ་མ་སོད་པར། གསོད་མ་བསམ་པའི་རང་གི་རྟ་དེ་བསད།
ཁ་ལོ་བས་ཞེ་སྡང་གེ་མེ་ལྕེ་ལྷག་པར་གནོན་མ་ཐུབ་པར་ཐང་བྱིའུ་ཁྲ་ཁྲ་གསོད་བསམས་ཏེ་ཐང་བྱིའུ་གང་དུ་འཕུར་ཡང་མ་བཏང་བར་རྗེས་བསྙེགས། ཐང་བྱིའུ་ཁྲ་ཁྲ་ན་རེ། ཞེ་སྡང་ཅན་གྱི་ཁ་ལོ་བ། ཁྱོད་ཀྱིས་ང་ཡི་ཕུ་བོ་བསད་པའི་གནད་སྨིན་དང་སྙིང་རྗེ་བྲལ་བའི་སེམས་ངན་གྱིས་རང་གི་རྟ་བོ་རང་གི་ལག་ཏུ་ཤི། ད་ནི་ཞེ་སྡང་ཞི་བའི་དུས་ལ་བབས། སེམས་ངན་བསྒྱུར་བའི་དུས་ལ་བབས། དེ་མིན་རང་སྡུག་ཉོ་དེས་རེད་ཅེས་སྨོས་རུང་མ་ཉན་པར་ཞེ་སྡང་གི་མེ་ལྕེ་དགུང་དུ་འཕྱུར་བཞིན་ཐང་བྱིའུའི་རྗེས་བསྙེགས། ཐང་བྱིའུ་ཁྲ་ཁྲ་འཕུར་གྱིན་ཇེ་མཐོ་ཇེ་མཐོར་སོང་བ་དང་ཁོས་ཁ་གནམ་ལ་འཁོར་ནས་ཐང་བྱིའུ་ཁྲ་ཁྲ་ཤོར་དོགས་ཀྱིས་བརྒྱུགས་མཐར་གཡང་ལ་ལྷུང་ནས་ཤིའོ། །
གྲོགས་པོ་ཆུང་ཆུང་ཚོ། སྲིད་པའི་ཁ་དཔེ་ལ། སེམས་ངན་གཞན་ལ་བཅངས་ན། གནད་སྨིན་རང་ལ་འཁོར་ཟེར་བ་ཡིན་པས། མི་དགེ་བའི་ལས་གཏན་ནས་བྱེད་མི་རུང་ངོ༌། །གཏམ་རྒྱུད་འདིའི་ནང་གི་ཤིང་རྟའི་ཁ་ལོ་བས་གཞན་གྱི་སྲོག་ཀྱང་སྣང་མེད་དུ་བཞག་པས།མཐའ་མར་རང་གི་རྒྱུ་ཤོར་བའི་མི་ཚད། རང་གི་སྲོག་ཀྱང་ཞེ་སྡང་དང་སེམས་ངན་ལ་བརྗེས། དེ་མིན་གཏམ་རྒྱུད་ཁྲོད་ཀྱི་ཐང་བྱིའུ་ཁྲ་ཁྲ་དང་ཁྱི་རྒན་མོག་མོག་ནི་ཉམ་ཐག་པའི་སྲོག་ཆགས་དམན་ཤོས་གཉིས་ཡིན་མོད། ཡིན་ཡང༌། དེ་གཉིས་བར་གྱི་དར་རུང་རྒུད་རུང་སྡུག་དུས་སྡུག་གྲོགས་དང་སྐྱིད་དུས་སྐྱིད་གྲོགས་ཀྱི་མཛའ་བརྩེ་ལྷད་མེད་དེས་ད་ལྟའི་སྤྱི་ཚོགས་ནང་གི་འབྱོར་ཚེ་ཉེ་བའི་གམ་ན་ཞུམ་ཞུམ་དུ་འགྲོ་བ་དང༌། གུད་ཚེ་རིང་བའི་ས་ནས་འཛུམ་ཀེར་རེར་འཕྱ་བའི་མིའི་རིགས་ཁྲོད་ཀྱི་ཐ་ཤལ་དག་ལ་སུན་འབྱིན་པ་མ་ཡིན་ནམ།