ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །བྱི་ལ་དང་ཙི་གུས་གྲོགས་བསྒྲུགས་པའི་གཏམ་རྒྱུད།
སྤེལ་དུས།03-15  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      གནའ་སྔ་མོ་སྔ་མོ་ཞིག་ལ།    ས་ཆ་ཞིག་ན་བྱི་ལ་ཞིག་དང་དང་ཙི་གུ་ཞིག་ཡོད། བྱི་ལས་ཙི་གུ་ལ་གྲོགས་སྒྲིག་འདོད་ནས་ངག་འཇམ་འཇམ་ངང་ཙི་གུ་ལ།སྙིང་ཉེ་བའི་ཙི་གུ་ལགས།  ང་ཁྱོད་ལ་ཤིན་ཏུ་དགའ་ཞེན་ཆེ།ངས་ཁྱོད་དང་གྲོགས་སྒྲིག་འདོད་པས།  དེད་གཉིས་གྲོགས་པོ་བྱས་ཆོག་གམ་ཞེས་ཞུ་བ་བྱས། ཙི་གུས་དང་ཐོག་ཁས་མ་བླངས་མོད།  བྱི་ལས་ཡང་ཡང་ཞུ་བ་བྱས་མཐར་ངོ་མ་ཆོད་པར་དེ་དང་ཁང་པ་གཅིག་གི་ནང་བསྡད་དེ་མཉམ་དུ་འཚོ་བ་རོལ་རྒྱུ་ཁས་བླངས།   

    མ་འགྱངས་པར།དེ་གཉིས་ཀྱིས་ཕག་ཞག་རྫ་མ་གང་རྙེད།  ཙི་གུས་ད་སྔ་དེད་གཉིས་ལ་ཟ་རྒྱུ་འདང་ཚིམ་པ་ཡོད་པས།  ཕག་ཞག་འདི་སྡེ་མགོའི་ལྷ་ཁང་གི་ཁང་ཐོག་ལ་སྦས་ནས་དགུན་དཀྱིལ་ཁ་ཟས་ཉུང་དུས་ཟ་ཨེ་ཟེར།  བྱི་ལའང་བློ་བཀོད་པ་དེར་འཐད་པ་བྱུང༌།  དེ་ནས་ཡུན་རིང་མ་སོང་བར་བྱི་ལས་ཕག་ཞག་ཟ་འདོད་ནས་ན་རེ།   ཙི་གུ་ལགས། ངའི་མ་སྤུན་གྱི་ཨ་ཆེ་ཞིག་ལ་བྱིས་པ་སྐྱེས་ནས་ང་མགྲོན་ལ་འབོད་ཀྱིན་འདུག   ཁྱོད་རང་ཡུལ་ནས་བསྡད་དེ་ཡུལ་སྲུངས་ཞེས་བཤད་ནས་བྱ་འཕུར་བ་ལྟར་ལྷ་ཁང་གི་ཁང་ཐོག་ཏུ་བརྒྱུགས་སོང༌།  བྱི་ལས་ཕག་ཞག་བཞག་ཡོད་པའི་རྫ་མའི་ཁ་ཕྱེ་ནས་ཕག་ཞག་གི་ཕྱི་རིམ་ཚང་མ་ཟོས་རྗེས།དགོང་མོ་ད་གཟོད་ཕྱིར་ཡུལ་ལ་འོངས།ཙི་གུ་ན་རེ།ཕུ་བོ་བྱི་ལ་ལགས། ཁྱོད་རང་ཕྱིར་འོངས་སམ། ཁྱོད་ཀྱིས་ཚ་བོར་མིང་ཅི་ཞིག་བཏགས་ཞེས་དྲིས། བྱི་ལ་ན་རེ། ཕྱི་རིམ་ཟོས་ཞེས་བཏགས་ཞེས་ལན་བཏབ། ཙི་གུས་ཐོས་ནས་ཤིན་ཏུ་ཡ་མཚར། དེ་ནས་ཡུན་རིང་མ་འགོར་བར་བྱི་ལ་ཡང་ཁ་སྐྱོ་ལངས་ནས་ཙི་གུ་ལ་བཤད་རྒྱུར། ངའི་ཕ་སྤུན་གྱི་ཨ་ཆེ་ཞིག་ལ་བྱིས་པ་སྐྱེས་ནས་ང་མགྲོན་ལ་འབོད་ཀྱིན་ཡོད་ཟེར་ནས་ཁ་ནས་མཆི་མ་བཞུར་བཞིན་ལྷ་ཁང་སྟེང་བརྒྱུགས་སོང༌། ཐེངས་འདིར་བྱི་ལས་ཕག་ཞག་གི་ཕྱེད་ཀ་ཟོས། དགོང་མོ་ཕྱིར་ཡུལ་ལ་ལོག་པ་ན་ཙི་གུས་ཕུ་བོ་བྱི་ལ་ལགས། ཁྱོད་རང་ཕྱིར་སླེབ་བམ། ཁྱོད་ཀྱིས་ཚ་བོར་མིང་ཅི་ཞིག་བཏགས་ཞེས་དྲིས།བྱི་ལ་ན་རེ།ཕྱེད་ཀ་ཟོས་ཞེས་བཏགས་ཟེར། ཕྱེད་ཀ་ཟོས་ཟེར་ཨེ། ཙི་གུ་ཤིན་ཏུ་ཡ་མཚན་སྐྱེས་ནས་སེམས་ལ། ཨ་ལ་མཚར་རོ། །ཅི་འདྲའི་མིང་ཡ་མཚན་ཞིག་རེད་བསམས། དེ་ནས་དུས་ཡུན་ཅང་མ་འགོར་བར་བྱི་ལ་ཡང་ཁ་སྐྱོ་ལངས་ནས་སྔར་བཞིན་ཙི་གུ་ལ་ངའི་གཉེན་ཉེ་ཞིག་ལ་བྱིས་པ་སྐྱེས་ནས་ང་མགྲོན་ལ་འབོད་ཀྱིན་འདུག་ཞེས་བཤད་ནས། ལྷ་ཁང་གི་ཁང་ཐོག་ཏུ་སོང་ནས་ཕག་ཞག་ཡོད་དོ་ཅོག་ཚང་མ་ཟོས་ཚར་སོང༌། ཙི་གུས་བྱི་ལ་ཕྱིར་ལོག་པ་མཐོང་ནས་ན་རེ།   ཁྱོད་རང་ངོ་མས་ལས་ཅན་ཞིག་རེད།མི་འདི་འདྲ་མང་པོས་མགྲོན་ལ་འབོད་ཀྱིན་འདུག ཁྱོད་ཀྱི་གཉེན་ཉེའི་བྱིས་པའི་མིང་ལ་ཅི་ཟེར་ཞེས་དྲིས།  བྱི་ལས་ཚང་མ་ཟོས་ཟེར་ཞེས་ལན་བཏབ་པ་ན།ཙི་གུ་ཧ་ལས་ནས་མིང་འདི་གསུམ་པོ་ཅི་འདྲའི་ཡ་མཚན་ཞིག་རེད་ཅེས་སྐད་བརྒྱབ་པས།  བྱི་ལས།  རྗེས་ནས་ཁྱོད་ཀྱིས་ཤེས་དེས་རེད་ཅེས་ཁེར་བཤད་བྱས།
    དགུན་དཀྱིལ་བསླེབས་བྱུང༌།  རི་ལུང་ཐམས་ཅད་ཁ་བས་གཡོགས་ནས་ཁ་ཟས་ཏིལ་འབྲུ་ཙམ་ཡང་རྙེད་དཀའ་བར་གྱུར།  ཙི་གུས་བྱི་ལར་ཕུ་བོ་བྱི་ལ་ལགས།  ད་ནི་ཁ་ཟས་ཅུང་ཙམ་ཡང་རྙེད་དཀའ་བར་འདུག དེད་གཉིས་ཀྱིས་ཕག་ཞག་ཅུང་ཙམ་ཟ་ཨང་ཟེར་བཞིན་བྱི་ལ་དང་མཉམ་དུ་ལྷ་ཁང་གི་ཁང་ཐོག་ཏུ་ཕག་ཞག་ཟ་རུ་སོང༌། ལྷ་ཁང་གི་ཁང་ཐོག་ཏུ་བསླེབས་ནས་ཕག་ཞག་བཞག་ཡོད་པའི་རྫ་མ་སྟོང་བ་ཡིན་པ་མཐོང་རྗེས་ཙི་གུས་ད་གཟོད་བྱི་ལའི་གཡོ་སྒྱུ་ཤེས་ནས། ང་ཡིས་ད་གཟོད་ཁྱོད་ཀྱི་གཡོ་སྒྱུ་ཤེས་སོང༌། ཁྱོད་ཀྱིས་དང་ཐོག་ཕག་ཞག་གི་ཕྱི་རིམ་ཟོས། ཐེངས་གཉིས་པར་ཕག་ཞག་གི་ཕྱེད་ཀ་ཟོས། མཐའ་མར་ཕག་ཞག་ཚང་མ་ཟོས་པ་རེད་ཅེས་སྐད་བརྒྱབ།  ཡིན་ནའང༌།སྐད་ཆ་བཤད་མ་ཚར་བར་བྱི་ལའི་རྫིག་རྔམ་བསྟན་ནས་ན་རེ། ད་ཁྱོད་ཀྱིས་ཤེས་རུང་འཕྱི་འདུག  ངས་ཕག་ཞག་ཟོས་པས་མི་ཚད།ད་ལྟ་ཁྱོད་རང་ཡང་ཟ་རྒྱུ་ཡིན་ཟེར་བཞིན་ཁ་སྤུ་གཟེངས་ཤིང་སྡེར་མོ་བསྲིངས་ནས་ཙི་གུའི་སྟེང་ལ་མཆོང་འོངས།ཙི་གུ་ཤིན་ཏུ་སྐྲག་ནས་ཁ་ཕྱིར་ཙམ་ཡང་མི་འཁོར་བར་གྱང་སྲུབས་ཤིག་ལ་འཛུལ་ནས་བྲོས་སོང༌།
    གྲོགས་པོ་ཆུང་ཆུང་ཚོ། ཁྱོད་ཀྱིས་བྱི་ལ་དང་ཙི་གུ་གཉིས་ཀྱིས་གྲོགས་པོ་བསྒྲིགས་པའི་གཏམ་རྒྱུད་ཐོས་ཨེ་མྱོང༌།བྱི་ལ་ནི་མ་གཞི་ནས་ཙི་གུའི་གཏེ་དགྲ་ཡིན་པས།  གྲོགས་སུ་གཏན་ནས་འགྱུར་མི་སྲིད།འཇིག་རྟེན་ནི་ཁྲ་ཁྲ་རིག་རིག་ཡིན་པས།མིའང་རྣམ་པ་སྣ་ཚོགས་ཡོད་པ་རེད། མི་ཚེ་ཧྲིལ་པོའི་ཁྲོད། ནང་སྒོས་སུ་སྤྱི་ཚོགས་ཀྱི་ཉམས་མྱོང་མེད་ལ། ལེགས་ཉེས་འབྱེད་ནུས་ཞན་པའི་ལོ་ཆུང་ན་གཞོན་དུས་སུ་གྲོགས་སྒྲིག་པ་དེ་ཡང་ཤེས་བྱ་ཟབ་མོ་ཞིག་ཡིན་ཕྱིན།ཤེས་ཡོན་སློབ་པ་བཞིན་ནན་ཏན་བྱེད་དགོས་པ་སྟེ།  ང་ཚོའི་ཉེ་འཁོར་གྱི་གྲོགས་པོས་ང་ཚོ་རང་གི་མི་ཚེ་ཧྲིལ་པོར་ཤན་ཤུགས་འདྲ་མིན་སྣ་ཚོགས་ཐེབས་སྲིད། མི་ངན་པ་ཇི་ལྟར་མི་བཟང་པོར་བརྫུས་རུང་མཐའ་མར་རང་གཤིས་ལྷང་ལ་འབུད་སྲིད། ཕྱི་ཚུལ་བཅོས་མའི་གཡོ་འོག་ཏུ་ཚུད་མི་རུང་བར་གཟབ་གཟབ་བྱ་དགོས་སོ། །གཡོ་ཅན་སྙན་པར་སྨྲ་བ་ནི། །རང་དོན་ཡིན་གྱི་གུས་ཕྱིར་མིན།  །སྲིན་བྱ་བསྙེན་ནས་དགོད་པ་ནི།  །ལྟས་ངན་གཏོང་གིས་དགའ་ནས་མིན།  །ཞེས་པའི་མཁས་པའི་ལེགས་བཤད་འདི་ཁྱོད་ཚོས་ཤེས་སམ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号