མཁོ་མེད་དུ་དོར་བའི་དོང་ཆུ་ཞིག་གི་ནང་དུ་སྦལ་བ་ཆུང་ཆུང་ཞིག་བསྡད་ཡོད།
ཉིན་ཞིག་ལ། སྦལ་བ་ཆུང་ཆུང་དོང་ཆུ་ཁར་བུད་དེ་ཡར་མཆོང་མར་མཆོང་བྱེད་སྐབས། ཐག་རིང་རྒྱ་མཚོ་ནས་འོངས་པའི་རུས་སྦལ་ཞིག་ལ་ཕྲད། སྦལ་བ་ཆུང་ཆུང་གིས་ང་རྒྱལ་དང་བཅས་རང་བསྟོད་བྱས་ནས་ན་རེ། ལྟོས་དང༌། ང་འདི་རུ་བསྡད་ན་ཅི་འདྲ་སྐྱིད་པ་ལ། ཅི་འདྲ་དགའ་བ་ལ། སྐབས་ལ་ལར་སྤྲོ་བ་ཡོད་དུས། དོང་ཆུའི་ཁའི་རྡོ་རའི་ནང་རྩེད་མོར་རོལ་ཆོག་ཅིང༌། གལ་ཏེ་ཐང་ཆད་ཚེ། དོང་ཆུའི་ནང་ལོག་གི་སོ་ཕག་སྲུབས་བར་དུ་གཉིད་ཆོག་པ་དང༌། ཡང་ན་མགོ་དང་ཁ་ཁོ་ན་ཕྱིར་བུད་དེ་ལྷིང་འཇགས་ངང་ལུས་པོ་ཆུ་ནང་དུ་སྦངས་ཆོག ཡང་ན་མཉེན་ཞིང་འཇམ་པའི་འདམ་གྱི་སྟེང་སོས་དལ་དལ་ངང་འཆམ་འཆམ་བྱེད་ཞོར་དུ་ངལ་གསོ་རེ་བྱས་ན་ཧ་ཅང་སྐྱིད་པོ་ཞིག་རེད། སྦལ་ལྕོང་སོགས་ཀྱིས་ངའི་དོ་ཟླ་གཏན་ནས་མི་འོངས། དེ་མིན་ད་དུང་ང་ནི་དོང་ཆུ་འདིའི་ནང་གི་བདག་པོ་གཅིག་པུ་ཡིན་པས། རང་དབང་རང་མོས་ཡིན། ཁྱེད་ཉིད་དོང་ཆུའི་ནང་ལྟད་མོར་ཕེབས་དང༌། སྐྱིད་པའི་ཞིང་ཁམས་ཞེས་པ་དེ་ལ་ཟེར་ཞེས་སྨོས།
རུས་སྦལ་གྱིས་སྦལ་བ་ཆུང་ཆུང་གི་སྐད་ཆ་ཐོས་ནས་དོང་ཆུའི་ནང་ལྟད་མོར་འགྲོ་འདོད་སྐྱེས། ཡིན་ཡང༌། རུས་སྦལ་གྱིས་རྐང་ལག་སོ་མ་ཕྱིར་བསྲིངས་མ་ཐག་དོང་ཆུའི་ཁའི་རྡོ་རར་ཐོགས། རུས་སྦལ་མྱུར་དུ་ཕྱིར་ནུར་ཞིག་བྱས་ཏེ། སྐེ་བསྲིངས་ནས་དོང་ཆུའི་ནང་ལྟ་ཙམ་བྱས་པ་ན། དོང་ཆུའི་ནང་མུན་ནག་གིས་ཁེངས་འདུག་པ་ལས། གཞན་ཅི་ཡང་མ་མཐོང༌། དེ་ནས་རུས་སྦལ་ན་རེ། སྦལ་བ་ཆུང་ཆུང་ལགས། ཁྱོད་ཀྱིས་རྒྱ་མཚོ་མཐོང་མྱོང་ངམ། རྒྱ་མཚོ་ནི་དེ་འདྲ་ཞེང་ཆེ་བ་ལ། རྒྱ་མཚོའི་ཞེང་ནི་ནམ་མཁའི་མཐོངས་ལྟར་མཐའ་ཡས་ཤིང༌། རྒྱ་མཚོ་ནི་དེ་འདྲ་གཏིང་ཟབ་པ་ལ། རྒྱ་མཚོའི་འཇིང་ནི་མིའི་བློ་ཡིས་དཔག་དཀའ་བ། ས་ཁའི་ཆུ་བོ་ཡོད་དོ་ཅོག་གི་མཐའ་མའི་བཞུར་ཡུལ་རེད།གནའ་བོའི་དུས་སུ། ལོ་བཅུའི་རིང་ལོ་དགུ་ལ་ཆར་བ་རྒྱུན་མ་ཆད་པར་ཞོད་སྐྱོན་ཆེན་པོ་བྱུང༌། ཡིན་ཡང༌། རྒྱ་མཚོའི་ཆུ་བོ་རྒྱས་པ་ཚོར་མ་བྱུང༌། དེ་ནས་ལོ་དགུའི་རིང་ལོ་བརྒྱད་ལ་ཆར་ཐིགས་གཅིག་ཀྱང་མ་བབས་པར་ཐན་པ་ཆེན་པོ་བྱུང༌། ཡིན་ཡང༌། རྒྱ་མཚོའི་ཆུ་བོ་སྐམ་པ་ཚོར་མ་བྱུང༌། རྒྱ་མཚོ་ནི་དེ་འདྲའི་མཐའ་ཡས་པ། གཏིང་ཟབ་པ།དཔག་དཀའ་བ། ཀློང་སྟུག་པ་ཞིག་ཡིན། དེ་ནི་སྲོག་ཆགས་མང་པོའི་སྐྱིད་ཁྱིམ་ཡིན་ཞིང༌། སྲོག་ཆགས་མང་པོས་དེ་རུ་འཆམ་ཞིང་སྐྱིད་པོར་འཚོ་བཞེས་བྱེད་ཀྱིན་ཡོད་ཅེས་སྨོས།
སྦལ་བ་ཆུང་ཆུང་གིས་རུས་སྦལ་གྱི་སྐད་ཆ་དེ་དག་ཐོས་ནས་ཁ་གདངས་མིག་བགྲད་ནས་ཧད་དེ། རྒྱ་མཚོའི་ཀློང་དང་བསྡུར་ན། དོང་ཆུའི་ཞབས་ནི་ཅི་འདྲ་ཉམ་ཆུང་བ་ལ། རྒྱ་མཚོ་ཆེན་མོའི་སྲོག་ཆགས་དང་བསྡུར་ན་ང་ཡི་མཐོང་རྒྱ་ནི་ཅི་འདྲའི་ཆུང་བ་ལ་སྙམ།
གྲོགས་པོ་ཆུང་ཆུང་ཚོ། རང་གི་གམ་གྱི་བྱ་དངོས་ལ་ལྟ་སྟངས་ཇི་ལྟ་བུ་འཛིན་པ་ནང་བཞིན་འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་ལ་ལྟ་སྟངས་དེ་ལྟ་བུ་འཛིན་མི་རུང༌། ནམ་མཁའ་ནི་མཐའ་ཡས་པས། དཀར་ཁུང་ལས་མཐོང་བ་ནི་གནམ་ཧྲིལ་བོ་ཞིག་ག་ལ་ཡིན། དོན་དག་ཆེ་ཆུང་གང་ཡིན་ཡང་རུང༌། རང་ཉིད་ཀྱི་ལྟ་ཚུལ་མཐའ་གཅིག་ཏུ་མཁྲེགས་འཛིན་བྱ་མི་འོས་པར། རྟག་པར་གཞན་གྱི་ལངས་ཕྱོགས་ནས་བསམ་གཞིགས་བཏང་ཚེ། རང་ཉིད་ཀྱི་གུ་དོག་པའི་བསམ་རྒྱ་ལས་ཐར་ནས། ཡང་དག་ཅིང་དཔྱིས་ཕྱིན་པའི་ངོས་ཟིན་ཐོབ་དེས་པས། དོང་ཆུའི་ཞབས་ཀྱི་སྦལ་ཆུང་ལྟ་བུར་མི་འགྱུར་རོ། །
|