གནའ་བསྐལ་བ་ཞིག་ལ། ཕ་མ་གཉིས་ཀ་སྔ་མོ་ནས་འདས་པའི་བྱིས་པ་ད་ཕྲུག་ཅིག་ཡོད། ས་དེའི་ཁྱིམ་ཚང་ཕྱུག་པོ་ཞིག་གིས་ཁོ་རང་ད་ཕྲུག་ཏུ་གྱུར་བ་མཐོང་ནས་སྙིང་རྗེ་སྟེ་ཁྱིམ་དུ་བླངས་ནས་བྱམས་ཀྱིས་བསྐྱངས། ཅུང་ཆེར་སོན་པ་ན་ཁོ་ཚང་གི་ལུག་རྫི་བྱེད་དུ་བཅུག་ནས། ལང་ཚོ་དར་ལ་བབ་དུས་ཆུང་མ་བླངས་ནས་ཁྱིམ་ཚང་ལོགས་སུ་བསྒྲིག་རྒྱུ་བྱས།
དེ་ནས་ད་ཕྲུག་དེ་ཉིན་རེ་རེར་ལུག་རྫིར་སོང༌། དང་ཐོག་རི་མགོའི་སྲོག་ཆགས་རྣམས་ཀྱིས་ཁོ་རང་ཆུང་བའི་དུས་ནས་ད་ཕྲུག་ཏུ་གྱུར་བ་ཤེས་རྗེས། ཁོ་དང་མཉམ་དུ་རྩེ་བ་མ་ཟད། ནམ་རྒྱུན་ཁོས་ལུག་དེད་ནས་རི་མགོར་བསླེབས་རྗེས། ནམ་མཁའི་བྱ་དང་ས་ཁའི་རི་དྭགས་ཡོད་དོ་ཅོག་གིས་ཁོ་ལ་རོགས་བྱས་ནས་ནངས་མོ་ལུག་ཡར་འདེད་གྲོགས་དང་ཕྱི་དྲོ་ལུག་མར་བསྡུ་བའི་གྲོགས་བྱས། ཡིན་ནའང༌། ད་ཕྲུག་ལུག་རྫི་དེ་ཁ་ཕོ་ཤིན་ཏུ་ཆེ་བས། ཉིན་རེ་རེར་གནམ་ས་ཁ་སྤྲོད་ཐུབ་པ་ལྟ་བུའི་ཁ་ཤོམ་ཁོ་ན་འཐེན་རྒྱུར་དགའ་ཞིང༌། སྲོག་ཆགས་རྣམས་ཀྱི་མཛའ་བརྩེ་སྣང་མེད་དུ་འཇོག་པས། རིམ་བཞིན་སྲོག་ཆགས་རྣམས་ཀྱང་སུན་སྣང་སྐྱེས་ནས་ཁོ་དང་རིང་དུ་གྱེས་ཏེ་ཁོ་རང་གྲོགས་མེད་ཁེར་རྐྱང་དུ་ལུས། ཁོས་ཉིན་རེ་རེར་ལུག་རི་མགོར་དེད་རྗེས་ནམ་མཁའི་མཐའ་ལ་བལྟས་ནས་ཁེར་བཤད་བྱེད་པ་ལས་མི་གཅིག་གིས་ཀྱང་ཁོ་ལ་ཁ་ཡ་བྱེད་མི་འདོད།
ཉིན་ཞིག་ལ། ཁོས་ཡང་ལུག་ཉིན་ཁའི་རྩྭ་ཆུ་འཛོམས་ས་ཞིག་ལ་བརྒྱབ་སྟེ། རང་ཉིད་ཉི་མ་དྲོ་བའི་ས་མཐོ་སྟེང་རྡོ་ལེབ་ཆེན་པོ་ཞིག་གི་སྟེང་གློ་ཉལ་བྱས་ནས་བསྡད། ནམ་མཁའི་མཐོངས་ན་སྤྲིན་ལུག་མགོ་ཙམ་ཡང་མེད་པར་སྔོ་ཞིང་གཡའ་དག་པ་ཞིག་རེད། ཁོ་ར་ཁོར་ཡུག་ཀུན་ཏུ་རྩྭ་དང་རྩི་ཏོག་གི་ལྗང་མདོག་ཁྲོད་ན་དཀར་སེར་དམར་ལྗང་གི་མེ་ཏོག་སྣ་ཚོགས་ཁྲ་ཆིལ་ལེར་མཛེས་པའི་འཛུམ་རིས་དགོད་ཀྱིན་མཆིས། ཁོས་རུམ་གྱི་བྲོ་དང་སྐོམ་ཆུ་བླངས་ནས་ཧུབ་རེ་བྱེད་འོར་དུ་སེམས་ལ།ཨ་ལ་ལ་ལ། དེ་རིང་གི་གནམ་ངོ་འདི་ནི་ཅི་འདྲའི་ཡངས་ཤིང་གཡའ་དག་པ་ལ། དྲི་མས་མ་གོས་པའི་གཡུ་ཡི་མེ་ལོང་ཞིག་དང་མཚུངས། དེ་རིང་གི་སྤང་ལྗོངས་འདི་ནི་ཅི་འདྲའི་མཛེས་ཤིང་ལྟ་ན་སྡུག་པ་ལ། ལྷ་བཟོའི་རྩལ་ལས་བྱུང་བའི་འཕྲུལ་གྱི་རི་མོ་ཞིག་དང་འདྲ་སྙམ་ཞིང༌། མཛེས་པའི་ཡུལ་ལྗོངས་ཀྱིས་བསྐུལ་པའི་མཐུས་ཡིད་ལ་སྨང་བ་སྐྱིད་པོ་ཞིག་ཤར་ནས། སེམས་ཀྱི་དབང་བོ་དེ་ཉིད་སྲབ་མེད་ཀྱི་རྟ་ཕོ་ཇི་བཞིན་མཐའ་མེད་ཀྱི་བར་སྣང་ཁམས་ནས་ཚོད་མེད་ཀྱིས་གང་སར་འཕྱོ་སོང༌།
གློ་བུར་དུ། རྒྱང་རིང་གི་རི་བོ་ཆེན་པོའི་རྒྱབ་ནས་མཐོ་ཤིང་བརྗིད་པའི་མཆོད་རྟེན་ཞིག་ཡར་འཕགས་འོངས། སྔོན་ཆད་ང་ཡིས་མཆོད་རྟེན་འདི་ཅིའི་ཕྱིར་མ་མཐོང་ངམ། ཁོ་ཤིན་ཏུ་ཡ་མཚར་སྐྱེས་ནས། ལུག་ཁྱུ་ལ་ཁ་ཡ་མི་བྱེད་པར་གང་དགར་བོར་ནས་རི་བོ་ཆེན་པོ༌། དེར་བསྙེགས་ནས་སོང༌། ཁོས་དཀའ་བ་མང་པོ་སྤྱད་དེ་ཉིན་བཅུ་ཕྲག་འགར་སོང་རྗེས། ད་གཟོད་རི་བོ་ཆེན་པོ་དེའི་རི་འདབས་ལ་བསླེབས། །
ཡིན་ཡང༌། ཁོ་རང་དངངས་སྐྲག་སྐྱེས་ནས་ཁ་གདངས་ཤིང༌མིག་བགྲད་ནས་ཡིད་ཀྱི་དབང་བོ་ཐོར་བ་བཞིན་ཡུན་རིང་ཞིག་ལ་ཧད་དེ་འགུལ་ཙམ་ཡང་བྱེད་མ་ཐུབ། རྒྱུ་མཚན་ནི་མཆོད་རྟེན་དེ་ལ་རྐང་བ༌ཡོད་ལ། གོམ་པ་གང་གིས་རི་བོ་ཆེན་པོ་དེ་བརྒལ་ནས་ཁོའི་མདུན་དུ༌ལངས། ཨ་ཁ་ཁ། མ་གཞིར་དེ་ནི་མཆོད་རྟེན་ཞིག་ག་ལ་ཡིན། མི་བོ་ཆེ་ཞིག་རེད།
མི་བོ་ཆེ་ན་རེ། མཐེ་ཕྲུག་ཁྱོད། འདིར་འོངས་ནས་ཅི་བྱ་ཞེས་ སྨོས། མི་བོ་ཆེའི་སྐད་ནི་གནམ་ས་སྒུལ་བའི་འབྲུག་སྒྲ་ཆེན་པོ་ལྡིར་བ༌དང་མཚུངས། ད་ཕྲུག་ལུག་རྫིས་བླ་འཁྱམས་པ་བཞིན་འདར་བའི་སྐད༌ཀྱིས་ན་རེ། ཨ། ཨ། ང་ནི་ད་ཕྲུག་ཅིག་ཡིན་པས། རང་ཁ་གསོ་བའི་ལས་ཀ་ཞིག་འཚོལ་ཕྱིར་འོངས་པ་ཡིན་ཞེས་ལན་བཏབ། འོ་ན། ལེགས༌སོ། །བདག་ལ་གཡོག་པོ་ཞིག་མཁོ་བའི་སྒང་ཡིན། ཁྱོད་རང་ངའི་གཡོག་པོ་བྱོས་ཞེས་བཤད། ད་ཕྲུག་ལུག་རྫིར་མིན་ཟེར་བའི་སྤོབས་པ༌དང་བྲལ་སོང༌། མི་བོ་ཆེ་ཡིས་དེམ་ཆུང་ཞིག་ཁྱེར་འོངས་ནས་ཁོ་རང་ཆུ་ལེན་དུ་མངགས། ཁོས་སྐྲག་མ་དངངས་ཀྱིས་ཆུ་དེམ་ཁྱེར་ནས་ཆུ་ཁར༌སོང༌། ཆུ་ཁ་ནས་ཁོ་རང་འབྲོ་བསམས་མོད། མི་བོ་ཆེའི་གཟུགས༌བརྙན་ཆུ་ནང་དུ་ཤར་འདུག་པས། ཁོའི་སེམས་ལ་ངའི་ཉིན་གསུམ་གྱི་ ལམ་ཐག་མི་བོ་ཆེའི་གོམ་གང་གིས་ཆོག་པས། ད་ལྟ་འབྲོ་བ་ཐབས་མིན། རྗེས་ནས་ཡུན་གྱིས་བློ་བཀོད་འཐེན་པ་ལས་བྲེལ་མི་རུང་སྙམ། ཕྱིར་ལོག་དུས་མི་བོ་ཆེ་ཡིས་ཁོ་ལ་ཀ་ར་བུ་རམ་རྡོག་པོ་གཅིག་དང་བག་ལེབ་འཁོལ་མ་ལེབ་མོ་ཆེན་པོ་ཞིག་སྦྱིན། ཁོའི་སེམས་ལ་མི་བོ་ཆེ་འདི་ཕྱི་བལྟས་ལ་རྫིག་རྫིག་འདྲ་མོད། སེམས་བཟང་བོ་ཞིག་ཡོད་པ་འདྲ། དེ་འདྲ་སྐྲག་དགོས་དོན་མི་འདུག་སྙམ། དེ་མ་ཐག་ཁོའི་སྙིང་སྟོབས་ཇེ་ཆེར་སོང་ནས་རང་གཤིས་ཕྱིར་མངོན་འོངས། ཨ་ཧོ་ཧོ། ལན་ཆགས་ཆེ་ཛར་ལྟོས། ཉིན་རེ་རེར་འདི་ལྟར་ཆུ་དེམ་ཆུང་ཆུང་ཞིག་གིས་ཆུ་ལེན་པ་ལས་དོང་ཆུ་དང་གཙང་པོ་མཉམ་དུ་འཁྱེར་འོང་ན་མི་ལེགས་སམ་ཞེས་ཁོས་དབང་མེད་དུ་ཁ་ཤོམ་ཞིག་འཐེན་བྱུང༌།
ཐེངས་འདིར་མི་བོ་ཆེ་ཡ་མཚན་སྐྱེས་ནས་ཁ་གདངས་མིག་བགྲད་དགོས་བྱུང༌། མི་བོ་ཆེའི་སེམས་ལ། ཨ་ཁ་ཁ། མཐེ་ཕྲུག་འདི། ཁ་ཕོ་ཆེ་རབ་ལྟོས། ཁོ་མི་ཕལ་བ་ཞིག་མིན་ཡང་སྲིད། གདོན་རིགས་ཤིག་ཡིན་ལོས་ཆེ། ང་ཡིས་སེམས་ཆུང་བྱ་དགོས་སྙམ།
མི་བོ་ཆེ་ཡིས་སླར་ཡང་ཁོ་ལ་བུད་ཤིང་མེད་པས་ཁྱོད་ཀྱིས་ལྗོན་ཤིང་འགའ་བཅད་དེ་འཁྱེར་ཤོག་ཅེས་བཅོལ། ད་ཕྲུག་ལུག་རྫི་ན་རེ། ལྗོན་ཤིང་འགའ་བཅད་ནས་ཅི་བྱ། ནགས་ཚལ་ཧྲིལ་པོ་བཅད་ན་མི་ལེགས་སམ་ཞེས་ལན་བཏབ། མི་བོ་ཆེའི་སེམས་ལ། གཏེ་ངན་འདི་གདོན་རིགས་ཤིག་ཡིན་ཁོ་ཐག་རེད་སྙམ།
ཁོས་ཤིང་བཅད་ནས་ཕྱིར་སླེབ་མ་ཐག་མི་བོ་ཆེ་ཡིས་ཁོ་ལ་བོའུ་རིང་ཞིག་སྦྱིན་ནས་ན་རེ། དོ་དགོང་དགོང་ཟས་ལ་ཕག་རྒོད་འགའ་གསོད་དུ་སོང་ཟེར། ད་ཕྲུག་ལུག་རྫིས་ཡང་ན་རེ། བོའུ་འཕེན་ཐེངས་གཅིག་གིས་ཕག་རྒོད་སྟོང་རེ་བསད་ནས་ཟོས་ན་དགའ་བ་ལ། གཅིག་གཉིས་རེ་བསད་ནས་ཅི་ཕན་ཞེས་སྨོས། མི་བོ་ཆེ་ཡི་སྙིང་རྩ་འདར་བྱུང༌། ཁོའི་སེམས་ལ། གདོན་འདི་ཐབས་ཀྱིས་མཐར་མ་བསྐྲད་ཚེ། ནམ་ཉི་མ་ང་མི་བོ་ཆེ་ཡང་ཁོའི་ཟས་སུ་འགྱུར་དེས་རེད་སྙམ།
དེ་ནས་མི་བོ་ཆེ་ཡིས་ད་ཕྲུག་ལུག་རྫི་ལ། ཁོ་རེ། མཐེ་ཕྲུག་ཁྱོད། མི་ཆུང་ཆུང་ལ་ཁ་ཕོ་ཆེ་རབ་འདུག ཁྱོད་ཀྱིས་ཁ་ཤོམ་ལ་ཉན་ཚེ། ཁྱོད་རང་ལ་མཐུ་རྩལ་ཆེ་བར་འདུག་སྟེ། གལ་ཏེ་ཁྱོད་ཀྱི་མཐུ་རྩལ་ང་ལས་ཆེ་ན་ངས་ཁྱོད་ཀྱི་གཡོག་པོ་བྱེད། འུ་གཉིས་སུ་ངར་ལ་བལྟ་ཡ། ཁྱོད་རང་ལྕང་སྡོང་གི་ཡལ་གའི་སྟེང་ཅི་ཙམ་ལ་འདུག་ཐུབ་ཅེས་དྲིས། ད་ཕྲུག་ལུག་རྫི་དགའ་དྲགས་ཏེ་མི་བོ་ཆེ་ཡི་སྐད་ཆ་མ་ཚར་བར་ལྕང་མའི་ཡལ་ག་ཞིག་གི་སྟེང་བསྡད། མི་བོ་ཆེ་ཡིས་ལྕང་མའི་ཡལ་འདབ་དེ་མཐེ་མོས་མནན་ནས་མར་བཀུག་བཀུག་རྗེས་བཏང་བ་ན། ད་ཕྲུག་ལུག་རྫི་གཡུག་ཐེངས་གཅིག་གིས་བར་སྣང་དབྱིངས་སུ་གཡུགས་ནས་གར་སོང་ཆ་མེད་དུ་གྱུར་སོང༌།
གོ་ཐོས་ལྟར་ན་ད་ཕྲུག་ལུག་རྫི་ད་ལྟ་ད་དུང་བར་སྣང་ནས་མར་འབབ་མ་ཐུབ་པར་གང་སར་གཡེང་འདུག་ཟེར།
གྲོགས་པོ་ཆུང་ཆུང་ཚོ། ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ། ང་ཚོ་རང་ཉིད་ཀྱི་ཁོར་ཡུག་ལ་ཆ་རྒྱུས་ཡོད་དགོས་པ་དང་གཞན་ལ་ངོས་ཟིན་གསལ་པོ་ཡོད་དགོས་པར་མ་ཟད། རང་ཉིད་ལའང་ངོས་ཟིན་ཟབ་མོ་ཞིག་ཡོད་དགོས། རང་གི་ཁྱད་ཆོས་འདོན་སྤེལ་བྱེད་མི་མཁས་པར། ཀུན་སློང་ངན་པ་བཅངས་ནས་བློ་རིག་པ་བཀོལ་ས་ནོར་ཚེ། ཐ་མར་གྱོང་འཁུར་མཁན་རང་ཉིད་ཡིན་དེས། གནའ་སྒྲུང་འདིའི་ནང་གི་ཁ་ཕོ་ཆེ་བའི་བྱིས་པ་ལུག་རྫི་ལབ་རྐྱལ་ལྟ་བུས་གཞན་ལ་སུན་སྣང་སྦྱིན་པ་ལས་དོན་མི་འགྲུབ། ནང་ཡོན་ཏན་ཏིལ་འབྲུ་ཙམ་ཡང་སློབ་པར་བྱ། ཕྱིའི་ཁ་ཕོ་རི་རབ་འདྲ་ཡང་དོན་མི་འཁྱོངས།
|