ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །གླང་བོ་ཆེ་དང་རྔོན་པ།
སྤེལ་དུས།03-15  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      རྒྱང་རིང་ལྷོ་ཕྱོགས་ཀྱི་ནགས་ཚལ་སྟུག་པོའི་ཁྲོད་ན་གླང་བོ་ཆེ་ཁྱུ་དང་ཁྱུ་ཚོགས་བྱས་ནས་འཚོ་བཞེས་བྱེད་ཀྱིན་ཡོད། ནགས་ཚལ་དེ་མི་སྡེ་དང་ཤིན་ཏུ་ཐག་རིང་པས། ནམ་རྒྱུན་ནགས་ཚལ་དེའི་ཁྲོད་ཀྱི་སྲོག་ཆགས་དག་ལ་ཕྱིའི་གནོད་དགྲ་མེད་པར་བག་ཕབ་ངང་གང་སར་རྒྱུ་ནས་འཚོ་བཞེས་བྱས་ཆོག
      ཉིན་ཞིག་ལ། རི་དྭགས་མ་སོད་པའི་རྔོན་པ་ཞིག་ཉིན་འགའི་ལམ་ཐག་རིང་མོ་བརྒྱུད་ནས་ནགས་ཚལ་དེའི་འདབས་སུ་བསླེབས། ཁོ་རང་ཉིན་ཞག་མང་པོར་ངལ་མ་གསོས་ཤིང་ལམ་བྲོའང་ཆད་པས། ཤིན་ཏུ་ཐང་ཆད་ཅིང་བཀྲེས་ལྟོགས་ཀྱིས་རབ་ཏུ་མནར་ནས། གསོམ་སྡོང་ཆེན་པོ་ཞིག་ལ་བསྔས་ནས་ངལ་གསོས། །
      གློ་བུར་དུ་ཁོའི་མདུན་དུ་ཤ་གང་ཚོ་དང་ཆང་གང་ཞིམ་གྱི་སྡེར་ཁ་བསྒྲིགས་བྱུང༌། ཁོས་དེ་མ་ཐག་ཤ་ལ་ཧམ་ཟ་དང་ཆང་ལ་ཧུབ་འཐུང་བྱས། ཡིན་ནའང༌། ཅི་འདྲ་མང་པོ་ཟོས་ཀྱང་ཇེ་ལྟོགས་དང་ཇེ་སྐོམ་ཡིན་པ་ལས། གསུས་པ་འགྲངས་རྒྱུ་ཞིག་མ་བྱུང༌། ཁོས་མུ་མཐུད་དུ་ཟ་འཐུང་ལ་རེམ་བཞིན་པའི་དུས་དེར། སུ་ཞིག་གིས་ཁོ་རང་གློ་བུར་དུ་ནམ་མཁའི་དབྱིངས་སུ་ཁྱེར་སོང༌། ཁོས་དེ་མ་ཐག་ཨ་ཧོ་ཧོ། སུ་ཡིན། ཀུ་རེ་མ་རྩེ། ང་ཐོངས་དང༌། ང་ད་དུང་མ་འགྲངས། ངས་ད་དུང་བཟའ་དགོས་ཞེས་འུར་བརྒྱབ་པ་ན་གཉིད་ལས་སད་བྱུང༌། མ་གཞིར་ཁོ་རང་ཤ་གང་ཚོ་དང་ཆང་གང་ཞིམ་གྱི་སྡེར་ཁ་ལ་རོལ་བ་དེ་ནི་རྨི་ལམ་ཞིག་ཡིན་མོད། འོན་ཀྱང་ཁོ་རང་བར་སྣང་དུ་ཁྱེར་བ་ནི་རྨི་ལམ་མ་ཡིན་པར་མངོན་སུམ་རེད། ཨ་ཁ་ཁ། འདིར་ཅི་བྱུང༌། ང་རང་རླུང་གིས་ཁུར་བ་ཡིན་ནམ། ང་ལ་གཤོག་པ་སྐྱེས་པ་ཡིན་ནམ། ཨ་ལ། དཔེ་སྲིད་དམ། ཡུག་ཙམ་ནས་ཁོས་ལག་པས་རང་གི་མིག་གཉིས་ཕུར་ཕུར་ཙམ་བྱས་ནས་ལྟ་ཡག་ཅིག་བྱས་རྗེས། གཞི་ནས་ཡོད་ཚད་ཤེས་སོང༌། གླང་བོ་ཆེ་ཞིག་གིས་སྣ་ཞག་གིས་ཁོ་རང་བར་སྣང་ལ་བཀྱགས་ནས་འཁྱེར་བཞིན་ཡོད། ཁོ་རང་འཇིགས་ཡེར་སེ་བཏང་ནས། དཀོན་མཆོག་གསུམ་པོས་མཁྱེན། ད་ལན་ང་ཤི་ཚར་ཐལ། འདི་ནི་ང་ཡིས་ནམ་རྒྱུན་རི་དྭགས་རྔོན་ནས་སྡིག་སྒྲིབ་བསགས་པས་ལན་སྙམ།
      ཁོ་རང་ཐར་འདོད་ཀྱིས་འཕག་འཚག་ཅིག་བྱས་མོད། ཡིན་ཡང་མཐར་བའི་རེ་བ་ཉག་ཙམ་ཡང་མེད་དོ། །ཁོའི་སེམས་ལ་ད་རེབ་ཚར་སོང༌། རོ་ས་མཐའ་ནས་ལུས་དགོས་བྱུང་སྙམ་བཞིན་མིག་ཟུང་བཙུམ་ཞིང་ལག་པས་དང་གར་ཐལ་མོ་སྦྱར་ནས། དཀོན་མཆོག་གསུམ་པོ། ཡི་དམ་མཁའ་འགྲོ། ཆོས་སྐྱོང་སྲུང་མ། ཁྱེད་རྣམས་ཀྱི་བྱིན་རླབས་ཀྱི་མཐུ་དང་བདག་གི་དད་པའི་སྟོབས་ཀྱིས་བདག་ད་རེའི་འཇིགས་པ་འདི་ལས་སྐྱོབ་གྲོགས་མཛོད། ད་ལན་འཇིགས་པ་ལས་བསྐྱབ་ཚེ། དེ་རིང་ཉི་མ་ཕན་ཆད་ནས་བདག་གིས་སེམས་ཅན་ཀྱི་སྲོག་གཅོད་པའི་སྡིག་པའི་ལས་ལ་མི་སྦྱོར་བར། དགེ་བའི་ལས་ཁོ་ནར་བརྩོན་རྒྱུའི་དམ་བཅས་པ་ཡིན་ཞེས་གསོལ་བ་རྩེ་གཅིག་ཏུ་བཏབ།
      གླང་བོ་ཆེ་ཡིས་ཁོ་རང་ཐག་རིང་ཞིག་ལ་ཁྱེར་ནས་སར་བཞག་པ་དང་མཉམ་དུ་སྐད་གསེང་མཐོན་པོས་ངུར་སྐད་ཅིག་བསྒྲགས། དེ་མུར་གླང་བོ་ཆེ་མང་པོ་ཕྱོགས་བཞི་མཚམས་བརྒྱད་ནས་ས་དེར་རུབ་ནས་འོངས། རྔོན་པ་འཇིགས་སྣང་ཞིག་སྐྱེས་ནས། མ་བཟང་ཐལ། མ་བཟང་ཐལ། གླང་ཆེན་འདི་དག་གིས་ང་རང་འདམ་ལྟར་བརྫི་རྒྱུ་རེད་སྙམ།
ཡིན་ཡང༌། གླང་ཆེན་དེ་དག་གིས་ཁོ་རང་བསྐོར་ནས་མགོ་གུག་གུག་དང་སྣ་ཞག་གཡུག་གཡུག་བྱས་ནས་ཁོ་ལ་ཅི་ཞིག་གི་བརྡ་སྟོན་བཞིན་པ་དང་མཚུངས། རྔོན་པའི་སེམས་ལ་གླང་ཆེན་འདི་ཚོས་ང་གནག་སེམས་པ་མིན་པ་འདྲ་སྙམ་ནས་སེམས་ཀྱང་ཡང་ཤོད་ལེར་སོང༌། ཁོ་རང་ཁྱེར་འོངས་པའི་གླང་ཆེན་དེས་སྣ་ཞག་གིས་རྔོན་པའི་མདའ་གཞུ་ཁོའི་མདུན་དུ་གཡུགས་ནས་གསོམ་སྡོང་ཆེན་པོ་ཞིག་གི་གམ་དུ་སར་ཉལ་བ་མ་ཟད། ལན་རེར་ཁོ་ལ་སྣ་ཞག་གིས་བྱིལ་བྱིལ་བྱས་ཤིང༌། ལན་རེར་མགོ་བོ་ཡར་བཀྱགས་ནས་སྡོང་མགོར་བལྟས། རྔོན་པའི་སེམས་ལ་དེ་རིང་གི་དོན་འདི་ཡ་མཚན་ཞིག་རེད། གླང་ཆེན་འདི་ཚོར་ང་ལ་རེ་བའི་དོན་རེ་ཡོད་པ་འདྲ་སྟེ་བརྟག་པར་བྱ་སྙམ།
      ཁོས་མདའ་གཞུ་བཟུང་ནས་གླང་ཆེན་སྟེང་ནས་ཡར་སྡོང་མགོར་འགོས་ཤིང༌། ཡར་ལྟ་མར་ལྟ་ཞིག་བྱས་མོད། མཐོང་རྒྱུ་ཅང་མ་བྱུང་ལ། གོ་རྒྱུའང་ཅང་མ་བྱུང༌།
      རྔོན་པ་སྡོང་མགོ་ནས་དོགས་པའི་དྲ་རྒྱར་ཚུད་བཞིན་པའི་སྐབས་དེར། གློ་བུར་དུ་ནགས་ཚལ་ཁྲོད་དུ་ཞང་ཞང་ཞང་རླུང་ནག་ཅིག་གཡུགས་པ་དང་མཉམ་དུ་ཐོས་ཚད་ཀྱིས་སྙིང་གས་ཤིང་སྐྱི་གཡའ་བའི་ང་རོ་ཞིག་དང་བཅས་སྲོག་ཆགས་རྒྱལ་པོ་སེང་གེ་ཞིག་གིས་རྣོ་ཞིང་རིང་བའི་མཆེ་བ་གཙིགས་བཞིན་ངར་གྱིས་མཆོངས་འོངས། གླང་ཆེན་ཡོད་དོ་ཅོག་སར་གླན་ནས་དབུགས་ཀྱང་ལེན་དཀའ་བར་གྱུར། སེང་གེ་ཡིས་གླང་ཆེན་ཕྲུ་གུ་ཞིག་ལ་སོ་བཏབ་ནས་བསད་རྗེས། ཕྲུ་གུ་གཞན་ཞིག་གསོད་པར་བརྩམས། གླང་ཆེན་ཨ་མས་ཡར་སྡོང་མགོའི་རྔོན་པར་ཅེ་རེར་ལྟ་བཞིན་མིག་གཉིས་ལས་མཆི་མ་ཁྲོམ་ཁྲོམ་དུ་བཞུར་བྱུང༌།
      རྔོན་པས་ད་གཟོད་ཧ་གཏིང་ནས་གོ་སོང༌། མ་གཞིར་གླང་ཆེན་འདི་དག་གིས་ང་ལ་སེང་གེའི་འཇིགས་ཉེན་སེལ་བའི་རེ་བ་ཞུ་བ་རེད། ད་ནི་ཅི་བྱ། གལ་ཏེ་སེང་གེ་བསད་ན་ནི་འདིའི་ཡར་སྔོན་བདག་གིས་འཇིགས་ཉེན་ཚོར་དུས་དཀོན་མཆོག་གསུམ་པོར་དེ་རིང་ཉི་མ་ཕན་ཆད་ནས་སེམས་ཅན་གྱི་སྲོག་གཅོད་པའི་ལས་མི་བྱ་བའི་དམ་བཅས་པས་དམ་བཅའ་དང་འགལ། གལ་ཏེ་མ་བསད་ན་ནི་གཅིག་ན་སེང་གེའི་ཁ་ཟས་སུ་གྱུར་བའི་གླང་ཆེན་ཕྲུ་གུ་དེ་དག་དང་སྒོས་སུ་བུ་ཕྲུག་ཤོར་བའི་གླང་ཆེན་ཨ་མ་དེ་དག་གི་སྡུག་བསྔལ་གྱི་མིག་ཆུ་མཐོང་ཚེ། སེམས་ནས་མི་བཟོད་པར་འདུག གཉིས་ན་སེང་གེ་འདིས་ད་དུང་ཉིན་རེ་རེར་འདི་ལྟར་སེམས་ཅན་མང་པོའི་སྲོག་འཕྲོག་པར་བྱེད་སྲིད། ད་ཅི་བྱ། རྔོན་པའི་སེམས་ལ་རྦ་ཀློང་འཁྲུག་བཞིན་པའི་དུས་དེར་སེང་གེ་དེས་ཡང་གླང་ཆེན་ཕྲུ་གུ་ཞིག་ཟིན་ལད་ཡོད།
      སྐབས་དེར། རྔོན་པར་འཚུབ་ཆ་ཞིག་ལངས་ཏེ་ཅི་ཐལ་ན་ཐལ།དཀོན་མཆོག་གསུམ་པོས་མཁྱེན། རང་གི་ཆེད་དུ་ནི་མིན། སེམས་ཅན་ལྷག་པར་མང་པོའི་སྲོག་སྐྱོབ་ཕྱིར། སེམས་ཅན་གཅིག་གི་སྲོག་མི་སྒྲོལ་ཐབས་མི་འདུག་པས། དཀོན་མཆོག་གཙུམ་པོས་བདག་ལ་དམ་བཅའ་དང་འགལ་བའི་ཉེས་ལྟུང་མི་ཕོག་པ་དང་རི་དྭགས་རྒྱལ་པོ་མཐོ་རིས་ལམ་ལ་དྲངས་པའི་བྱིན་གྱིས་རློབས་ཞེས་གསོལ་བ་འདེབས་པའི་མོད་ལ་མདའ་མོ་ལྟོང་ལས་བུགས་སེ་བཏང་སོང་བ་དང་མཉམ་དུ་རི་དྭགས་རྒྱལ་པོ་དེ་ཉིད་རི་རབ་ཉིལ་བ་བཞིན་མགོ་འཕང་གནམ་ལ་ལྟ་བཞིན་དལ་གྱིས་འགྱེལ་སོང༌།
       འཇིགས་ཉེན་ལས་ཐར་བའི་གླང་ཆེན་དག་གིས་རྐང་པས་ས་ལ་བརྡབ་ཅིང༌། སྣ་ཞག་གྱེན་ལ་བརྩེངས་ནས་རྔོན་པར་ཐུགས་རྗེ་ཆེ་ཞུས་ཤིང༌། ཁོ་རང་སྣ་ཞག་གིས་ཁྱེར་འོངས་པའི་གླང་ཆེན་དེས་སླར་ཡང་ཁོ་རང་སྣ་ཞག་གིས་སྡོང་བོའི་རྩེ་མོ་ནས་རང་གི་རྒྱབ་ཏུ་ཁུར། རྔོན་པ་གླང་ཆེན་ལ་བཅིབས་ཤིང་གླང་བོ་ཆེའི་ཁྱུ་ཚོགས་ཀྱིས་བསྐོར་ནས་ཕྱིར་ནགས་འདབས་ལ་འོངས། ནགས་འདབས་ཀྱི་རྨི་ལམ་གྱི་ཞིང་ཁམས་སུ་ཤ་ཆང་གི་སྡེར་ཁ་བཤམས་སའི་གསོམ་སྡོང་ཆེན་པོ་དེའི་གམ་དུ་བསླེབས་ནས། གླང་བོ་ཆེ་ཡིས་ཁོ་རང་སར་བཞག་ཅིང༌། སྔུན་སུག་གིས་སྡོང་རྩའི་ས་བརྐོས། མ་གཞིར་སྡོང་རྩའི་ས་འོག་ན་རིན་ཆེན་བ་སོ་མང་པོ་སྦས་འདུག རྔོན་པས་དེ་ནི་གླང་ཆེན་དག་གིས་ཁོ་ལ་དྲིན་གཟོ་བ་ཤེས་ནས། བ་སོ་རྣམས་མཉམ་དུ་བསྡམས་ནས་རྒྱབ་ལ་ཁུར། གླང་ཆེན་གཅིག་ལ་བཅིབས། གླང་ཆེན་ཁྱུ་ཡིས་བསྐོར་ནས་རང་ཡུལ་དུ་ཕྱིན།
      དེ་ནས་བཟུང༌། རྔོན་པས་སྲོག་ཆགས་གཅིག་ཀྱང་གསོད་མ་མྱོང་བར། སོ་ནམས་ཀྱི་ལས་ལ་བརྩོན་ནས་བདེ་སྐྱིད་ངང་འཚོ་བ་རོལ། གོ་ཐོས་ལྟར་ན་ནགས་ཚལ་དེའི་ནང་གི་གླང་ཆེན་དང་སེང་གེ་སོགས་སྲོག་ཆགས་དག་ཀྱང་དུས་དེ་ནས་བཟུང་ཕན་ཚུན་སྤུན་མཆེད་ཚུལ་གྱིས་མཐུན་ཞིང་འཆམ་པའི་ངང་འཚོ་བཞེས་བྱེད་ཐུབ་པར་གྱུར་ནས། ད་ལྟའི་བར་ནགས་ཚལ་དེ་ན་བག་ཕབ་ངང་རྒྱུ་བར་སྐད།
      གྲོགས་པོ་ཆུང་ཆུང་ཚོ། ང་ཚོའི་འཚོ་བའི་ཁྲོད་རང་གི་བསམ་ཐོག་ཏུ་འབབ་པའི་བྱ་བ་ཞིག་ཡོད་ཚེ། དེ་ནི་ཤིན་ཏུ་དགའ་བའི་དོན་དག་ཅིག་རེད། ཡིན་ནའང༌། བསམ་ཐོག་ཏུ་འབབ་པའི་བྱ་བ་དེ་ལྟ་བུ་ནི་མི་ཡོད་དོ་ཅོག་ལ་ཡོད་པ་ཞིག་མ་རེད། དཔེར་ན་གནའ་སྒྲུང་ཁྲོད་ཀྱི་རྔོན་པ་ལ་བ་སོ་ཐོབ་པ་ལྟ་བུའི་དོན་བཟང་ནི་མི་རེ་རེར་འཕྲད་པ་ཞིག་མིན། དེ་བས། ང་ཚོས་རང་གི་གནས་བབ་ལ་ལྟ་སྟངས་ཡང་དག་པ་འཛིན་དགོས། མི་ཚེའི་བཞུད་ལམ་ཁྲོད་དུ་དཀའ་ཚེགས་དང་བར་ཆད་གང་མང་དང་འཕྲད་སྲིད་པས། བྱ་བ་ཅི་ཞིག་ཡིན་ཡང༌། རང་གི་དང་ཐོག་གི་དམ་བཅའ་རྒྱུན་འཁྱོངས་བྱས་ནས་མཐའ་སྐྱོང་རྒྱུ་ནི་ཤིན་ཏུ་གལ་ཆེའོ།།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号