ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །སྐྱ་ཀ་དང་ཤ་བསྲེགས། ཙི་གུ།
སྤེལ་དུས།03-15  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      གནའ་སྔ་མོ་ཞིག་ལ། སྐྱ་ཀ་ཞིག་དང་ཤ་བསྲེགས་མ་ཞིག ཙི་གུ་ཞིག་བཅས་ཀྱིས་གྲོགས་བསྒྲིགས་ནས། ཁོ་ཚོས་མཉམ་དུ་འཚོ་བ་སྐྱིད་པོ་རོལ་ནས་བསྡད། སྐྱ་ཀས་ཉིན་རེ་རེར་བུད་ཤིང་འཐུ་བ་དང། །ཤ་བསྲེགས་མས་ཟ་མ་གཡོ་བ། ཙི་གུའི་ལས་འགན་ནི་ཆུ་འཁུར་བ་དང་མེ་འབུད་པ་དེ་ཡིན།
      ཉིན་ཞིག་ལ། སྐྱ་ཀ་དེ་བུད་ཤིང་འཐུ་བར་འགྲོ་བའི་ལམ་དུ་ཁ་ཏ་ཞིག་ལ་ཕྲད་པས། རང་ཉིད་དང་གྲོགས་པོ་གཉིས་ཀའི་འཚོ་བ་སྐྱིད་པོ་རོལ་ཚུལ་སྨོས། ཁ་ཏ་ན་རེ། ཁྱོད་གླེན་པ་ཞིག་རེད། ཁྱོད་རང་ཉིན་རེ་རེར་ཕྱི་རུ་སོང་ནས་དཀའ་ལས་དེ་འདྲ་མང་པོ་མྱོང་དགོས་མོད། ཙི་གུ་དང་ཤ་བསྲེགས་མ་གཉིས་ཀ་ཁྱིམ་དུ་སྐྱིད་པོར་བསྡད་ཆོག་ཅེས་བཤད།
      ཉིན་གཉིས་པར། སྐྱ་ཀས་གཞན་གྱིས་ངན་བསྐུལ་ཐེབས་པ་བདེན་པར་བཟུང་བས། ཕྱི་རུ་བུད་ཤིང་འཐུ་རུ་འགྲོ་མ་འདོད་པར། ཚང་མའི་ལས་ཀ་བརྗེ་ན་འོས། ང་ཡིས་མེ་འབུད་ཡ། ཤ་བསྲེགས་མ་ཁྱོད་བུད་ཤིང་འཐུ་རུ་སོང་ཟེར།
      ཙི་གུ་དང་ཤ་བསྲེགས་གཉིས་ཐབས་ཟད་ནས། ཤ་བསྲེགས་ཕྱི་རུ་བུད་ཤིང་འཐུ་རུ་སོང་ཞིང༌། ཙི་གུས་ཟ་མ་གཡོས། ཡུན་རིང་འགོར་ཡང་ཤ་བསྲེགས་ཕྱིར་འོང་མེད་སོང༌། སྐྱ་ཀས་སེམས་མ་བདེ་བར་ཕྱི་རུ་འཚོལ་དུ་སོང༌།
      ཐག་རིང་ལ་མ་སོང་བར། ཁྱི་རྒན་རྒྱ་ལྡང་ཞིག་དང་ཕྲད། ཁྱི་རྒན་དེས་ཡ་མགལ་ལྡག་གིན་སྐྱ་ཀ་ལ། དེ་རིང་ང་ལ་ཁ་བསོད་ཆེན་པོ་ཞིག་གདའ། དཀའ་ཚེགས་ཅི་ཡང་མྱོང་མ་དགོས་པར་ས་སྟོང་འདི་ནས་ཤ་བསྲེགས་ལེབ་མ་ཆེན་པོ་ཞིག་ཁ་ནང་དུ་འོངས། ཧ་ཧ། ཁ་ཟས་ཞིམ་པོ་ཟེར་བ་དེ་རེད་བཤད་ཞོར་དུ་སྒྲེགས་པ་ཆིལ་ལི་ལི་སྐྱ་ཀའི་གམ་ནས་ཕྱིན་སོང༌།
སྐྱ་ཀ་ཡིད་སྐྱོ་བཞིན་ཕྱིར་ཁྱིམ་དུ་འོངས། ཙི་གུ་ལ་ཤ་བསྲེགས་ཁྱི་རྒན་རྒྱ་ལྡང་གི་ཁ་ཟས་སུ་གྱུར་ཚུལ་བཤད་རྗེས། མགོ་བོ་སྨད་དེ་ན་རེ། ཚང་མ་ང་ལན་པ་ཡིན་ཟེར་ནས་ངུས། དེ་ནས་ཙི་གུ་དང་སྐྱ་ཀ་གཉིས་ཀས་རྗེས་སུ་འགྲིག་མཐུན་ངང་འཚོ་བ་རོལ་པ་ལས། གཞན་གྱི་ཚིག་རྗེས་མི་འབྲངས་པའི་གྲོས་བྱས།
      དེ་ནས་བཟུང༌། སྐྱ་ཀས་སྔར་བཞིན་ཕྱི་ནས་བུད་ཤིང་བཏུས་པ་དང༌། ཙི་གུས་ཁྱིམ་ནས་ཟ་མ་གཡོས། དེ་ལྟར་དགུན་རྒྱ་སྟག་འདྲ་བོ་ཕར་འདས་ནས། དཔྱིད་ཕ་མ་འདྲ་བོ་དལ་གྱིས་བསླེབས་བྱུང༌།
      ནངས་མོ་ཞིག་ལ། སྐྱ་ཀ་མལ་ལས་ལངས་ཏེ་བལྟས་པ་ན། ཙི་གུ་སྔ་མོ་ནས་ཆུ་ལེན་དུ་སོང་ཟིན་པ་དང༌། ཐབ་ཀའི་ནང་མེ་ཤིང་ཙག་སྒྲ་དང་བཅས་འབར་བཞིན་འདུག སྐྱ་ཀའི་སེམས་ལ་ང་ཡང་ནངས་ཇའི་བར་དུ་ཕྱི་རུ་བུད་ཤིང་ཞིག་འཐུ་རུ་སོང་ན་འོས་སྙམ།
      ཕྱི་རོལ་ཁམས་ན་མཚར་སྡུག་ཉི་མས་ས་གཞི་ཧྲིལ་པོ་དྲིན་གྱིས་བསྐྱངས་པས། ག་ས་གང་དུ་ལྗོན་ཤིང་སྔོ་ལྡེམ་མེ། ཕྱོགས་དང་ཕྱོགས་སུ་མེ་ཏོག་ཁྲ་ཆིལ་ལེར་དཔྱིད་ཀྱི་དཔལ་ཡོན་འགོག་མེད་དུ་ཤར་འདུག སྐྱ་ཀས་མྱུར་མ་མྱུར་དུ་བུད་ཤིང་བཏུས་ནས་ཕྱིར་འོང་བསམ་དུས། ཡང་སྔོན་གྱི་ཁ་ཏ་དེ་དང་ཕྲད། ཁ་ཏ་ན་རེ། ཨ་ལ། འདི་ཨ་ཆེ་སྐྱ་ཀ་མ༌ཡིན་ནམ། ཨ་ཙེ་ཨ་ཙེ། ཁྱོད་ལ་ཅི་བྱུང༌། ད་དུང་བུད་ཤིང་འཐུ་བཞིན་ཡོད་དམ། ཁྱོད་རང་གླེན་པ་ཤ་སྟག་རེད། ཁྱོད་ཀྱིས་དགུན་གྲང༌འཁྱགས་ནང་བུད་ཤིང་བཏུས་ནས་ཁྱོད་ཀྱི་ལག་པ་གས་རེ་ལྟོས། ཁྱོད༌ཀྱིས་དབྱར་ཚ་གདུག་ཆེ་དུས་བུད་ཤིང་བཏུས་པས། ཁྱོད་ཀྱི་ངོ་མདོག༌ནག་རེ་ལྟོས། ཉིན་མཚན་མེད་པར་བུད་ཤིང་བཏུས་པས་ཁྱོད་ཀྱི་གཤོག༌སྒྲོ་རལ་སྲོལ་ལྟོས། ཙི་གུ་ཅི་འདྲ་སྐྱིད་པ་ལ། དགུན་གྲང་ངར་ཆེ་དུས༌ཐབ་ཀ་དྲོན་མོར་གླན་ནས་བསྡད་ཆོག་ཅིང༌། དབྱར་ཚ་བ་ཆེ་དུས༌གཙང་ཆུ་བསིལ་མའི་འགྲམ་ནས་བསྡད་ཆོག་ཅེས་བཤད། སྐྱ་ཀས་ཁ༌ནས་ཅི་ཡང་མ་སྨོས་མོད། སེམས་ནས་སྐྱ་ཀའི་སྐད་ཆ་དེ་ཡང་མི་བདེན༌རྒྱུ་མི་འདུག་སྙམ་ནས་ཡིད་ཅུང་མི་དགའ་བཞིན་ཕྱིར་འོངས། 
      ཕྱི་ཉིན། སྐྱ་ཀ་ན་རེ། དེ་རིང་ནས་བཟུང་ང་ཡིས་ཆུ་ལེན་པ༌དང་ཟས་གཡོ། ཙི་གུ་ཁྱོད་རང་བུད་ཤིང་འཐུ་རུ་སོང་ཟེར། ཙི་གུས་ཅི༌ཡང་མི་སྨྲ་བར་ཕྱི་རུ་བུད་ཤིང་འཐུ་རུ་སོང༌། ལམ་ཁ་ནས་བཀྲེས་ལྟོགས༌ཀྱིས་མནར་བཞིན་པའི་བྱི་ལ་ཞིག་དང་ཕྲད་དེ་སྟབས་མ་ལེགས་པར་དེའི་ཁ་ཟས་སུ་གྱུར་སོང༌།
      སྐྱ་ཀས་ཆུ་ཁུར་ནས་ཟངས་ངའི་ནང་བླུགས་རྗེས། མེ་ཁ་གསོས།ཡིན་ཡང༌། དེའི་གཤོག་སྒྲོས་ཐབ་ཀའི་ནང་གི་འབར་བཞིན་པའི་བུད་ཤིང་ཕྱིར་དྲུད་ནས་ཐབ་ཀའི་གམ་གྱི་བུད་ཤིང་ཡོངས་རྫོགས་མེར་སྦར། སྐྱ་ཀས་སྐྲག་མ་དངངས་ཀྱིས་གཤོག་གཡུག་བྱས་ནས་མེ་གསོད་བསམས་ཀྱང༌། མེ་གསོད་མ་ཐུབ་པར་མ་ཟད། རང་གི་གཤོག་སྒྲོའང་མེར་འབར་ནས་མཐའ་མར་རང་ཉིད་ཀྱང་མེས་ཚིག་སོང༌།
      གྲོགས་པོ་ཆུང་ཆུང་ཚོ། ཁྱོད་ཚོས་དོན་དག་ཅི་ཞིག་བསྒྲུབ་ཀྱང་རང་གི་ནུས་པ་དང་བསྟུན་རྒྱུ་གལ་ཆེ་ཞིང༌། འཚོ་བ་དང་བྱ་བའི་ཁྲོད་རང་ལ་གཏན་ཚིགས་བརྟན་པོ་ཞིག་དགོས་པ་ལས། གཞན་གྱི་ཅི་བཤད་ཀྱི་རྗེས་ཁོ་ནར་སྙེག་མི་རུང༌། གནའ་སྒྲུང་འདིའི་ཁྲོད་ཀྱི་སྐྱ་ཀ་ནང་བཞིན་བླུན་པོ་ཆུ་སྣ་གར་ཁྲིད་ཀྱི་རྣམ་ཐར་སྐྱོང་ཚེ། རང་གཞན་ཀུན་ཕོངས་པའི་རྒྱུ་ཁོ་ན་ཡིན།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号