ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །རྟ་རྫི་ལུང་རྟོགས་གྲགས་པ།
སྤེལ་དུས།03-15  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      གནའ་སྔ་མོ་ཞིག་ལ། རི་སྡེ་ཞིག་ན་དབུལ་བོ་མ་བུ་གཉིས་ཡོད་ལ། ཨ་མས་གཞན་གྱི་གཡོག་བྱས་པ་དང་བུ་ཡིས་གཞན་གྱི་རྟ་རྫི་བྱས་ནས་འཚོ་བ་སྐྱེལ་གྱིན་ཡོད། བུ་དེ་ནི་ཤིན་ཏུ་རིག་པ་རྣོ་ཞིང་ཐབས་ལ་མཁས་པས། དཀའ་གནད་ཅི་ལྟ་བུར་ཕྲད་ཀྱང་ཁོས་ཁ་ཡ་བྱེད་མི་ཐུབ་པ་མེད། དུས་ཡུན་རིང་པོར་སོང་བ་ན། ཉེ་རིང་ཀུན་གྱི་ཁ་བཙན་དྲག་གང་གིས་ཀྱང་དཀའ་གནད་ལ་འཕྲད་དུས་དེ་ལ་བློ་འདྲི་བ་ཞིག་བྱུང༌། དེར་བརྟེན། ཁོ་ལ་ཀུན་གྱིས་ལུང་རྟོགས་གྲགས་པ་ཞེས་འབོད་ཀྱིན་མིང་གྲགས་ཐག་ཉེ་རིང་ཀུན་ལ་ཁྱབ་སོང༌།
      རྒྱལ་པོས་ཀྱང་ལུང་རྟོགས་གྲགས་པའི་མིང་གྲགས་ཐོས་ནས་མི་མངགས་ཏེ་ཁོ་རང་ཕོ་བྲང་དུ་བོས། རྒྱལ་པོ་ན་རེ། ཡ། གསར་བུ་གཞོན་ནུ། བདག་གི་གོ་ཐོས་ལྟར་ན། ཁྱོད་རང་བློ་རིག་རྣོ་བས་མི་ཚད། ཐབས་ལ་མཁས་པ་ཞིག་རེད་སྐད། དེ་རིང་བདག་གིས་ཁྱོད་ལ་གནད་དོན་གསུམ་འདྲི། ཁྱོད་ཀྱིས་ལན་འདེབས་ནུས་ཚེ། བདག་གིས་ཁྱོད་ང་ཡི་བུ་སྐལ་ལ་བརྩིས་ནས་ང་ཡི་ཕོ་བྲང་དུ་འཚོ་བ་རོལ་ཆོག་ཅེས་སྨོས།ལུང་རྟོགས་གྲགས་པ་ན་རེ། རྒྱལ་པོ་རིན་པོ་ཆེ། ཁྱེད་ཀྱིས་གསུངས་དང༌། གནད་དོན་ཅི་ཡིན་ཞེས་དྲིས། རྒྱལ་པོ་ན་རེ། རྒྱ་མཚོའི་ཀློང་ན་ཆུ་ཐིགས་ཅི་ཙམ་ཡོད་ཅེས་དྲིས། རྟ་རྫི་ལུང་རྟོགས་གྲགས་པ་ན་རེ།རྒྱལ་པོ་རིན་པོ་ཆེ། ཁྱེད་ཀྱིས་སྔོན་ན་རྒྱ་མཚོར་བཞུར་བཞིན་པའི་གཙང་པོ་ཡོད་དོ་ཅོག་གི་བཞུར་རྒྱུན་བཅད་ནས། ང་ཡིས་རྒྱ་མཚོའི་ཆུ་ཐིགས་མ་བརྩིས་གོང༌། གཙང་ཆུའི་ཆུ་ཐིགས་གཅིག་ཀྱང་རྒྱ་མཚོར་བཞུར་དུ་མ་འཇུག དེ་དུས་ང་ཡིས་ཁྱེད་ལ་རྒྱ་མཚོའི་ཀློང་དུ་ཆུ་ཐིགས་ཅི་ཙམ་ཡོད་པ་བཤད་ཅེས་སྨོས།
      རྒྱལ་པོས་རྟ་རྫིས་ལན་ལ་ཡི་རང་པའི་བརྡ་ལ་འཛུམ་ཞིག་བསྟན་ནས་ན་རེ། བདག་གི་གནད་དོན་གཉིས་པ་ནི། ནམ་མཁའི་དབྱིངས་སུ་ཡང་སྙིང་རྒྱུ་སྐར་ཅི་ཙམ་ཡོད་ཅེས་དྲིས། རྟ་རྫི་ལུང་རྟོགས་གྲགས་པ་ན་རེ། རྒྱལ་པོ་རིན་པོ་ཆེ། ཁྱེད་ཀྱིས་ང་ལ་ཤོག་ལེབ་ཆེན་མོ་ཞིག་སྦྱིན་རོགས་གནང་ཟེར་ནས། ཁོས་སྨྱུ་གུ་ཞིག་གིས་ཤོག་ལེབ་ཆེན་པོའི་སྟེང་མིའི་མིག་ཟུང་རབ་རིབ་ཏུ་གཏོང་བའི་ནག་ཐིག་ཕྲན་བུ་མང་པོས་བཀང་བར་བྲིས་ཏེ་ན་རེ། རྒྱལ་པོ་རིན་པོ་ཆེ། ནམ་མཁའི་སྐར་མའི་གྲངས་ཀ་ང་ཡིས་ཤོག་ལེབ་འདིའི་སྟེང་བྲིས་ཡོད། ཁྱེད་ཀྱིས་མི་ལ་བརྩི་རུ་ཆུག་ཅེས་བཤད།
      རྒྱལ་པོའི་ཞལ་ལ་འཛུམ་གྱི་མེ་ཏོག་བཞད། ཡུག་ཙམ་ནས་རྒྱལ་པོས་མགུ་བའི་སྤྱན་གྱིས་རྟ་རྫི་ལུང་རྟོགས་གྲགས་པར་ཅེ་རེར་གཟིགས་ཀྱིན་ན་རེ། བདག་གི་མཐའ་མཇུག་གི་གནད་དོན་ནི། རྟག་བརྟན་ཟེར་བ་དེ་ཡང་སྙིང་ཆུ་ཚོད་སྐར་ཆ་ཅི་ཙམ་གྱི་རིང་རེད་ཅེས་དྲིས། རྟ་རྫི་ལུང་རྟོགས་གྲགས་པ་ན་རེ། རྒྱལ་པོ་རིན་པོ་ཆེ། རིའི་རྒྱལ་པོ་རི་རབ་ཀྱི་མཐའ་ནས་རྩེ་མོ་བར་ཆུ་ཚོད་སྐར་ཆ་ཐེར་འབུམ་ཁྲི་ཡིས་ལམ་ཐག་ཡོད། དེའི་ཞེང་གི་བསྐོར་ཚད་ལ་ཆུ་ཚོད་སྐར་ཆ་ཐེར་འབུམ་སྟོང་གི་ལམ་ཐག་ཡོད། ལོ་ཁྲི་རེ་མཚམས་ནས་བྱིའུ་ཞིག་གིས་རི་རབ་ཀྱི་རྩེ་མོ་ནས་ནས༌རྡོག་འཐུ་བ་བཞིན་བཏུས་ནས་རི་རབ་ཧྲིལ་པོ་ས་ཡི་རྡུལ་ཕྲན་ཙམ་ཡང་མ་ལུས་པར་ཡོངས་སུ་ཟོས་ཚར་བའི་དུས་ཡུན་དེ་ནི་རྟག་བརྟན་གྱི་སྐར་ཆ་གཅིག་གི་ཡུན་རེད་ཅེས་ལན་བཏབ། 
      རྒྱལ་པོས་མགུ་བའི་གད་རྒྱངས་ཆེས་ཆེར་སྒྲོག་གིན་ན་རེ། ལེགས་སོ། །གཞོན་ནུ། ཁྱོད་ཀྱི་བློ་རིག་ཤིན་ཏུ་གྲུང༌། མིང་དོན་མཚུངས་པར་འདུག བདག་ཀྱང་ཁ་བཤད་ཚིག་ལ་ཕྱིར་ལྡོག་མེད་པར་ཚིག་ལ་གནས་པར་བྱ། དེ་རིང་ནས་བཟུང༌། ཁྱོད་ཀྱིས་ཀྱང་བདག་གི་རྒྱལ་སྲས་དང་མཉམ་དུ་འཚོ་བ་རོལ་ཆོག་ཅེས་གསུངས།
      ཉིན་དེ་ནས་བཟུང༌། རྟ་རྫི་ལུང་རྟོགས་གྲགས་པས་རང་གི་ཨ་མ་དང་བཅས་རྒྱལ་པོའི་ཕོ་བྲང་དུ་སྐྱིད་པོ་བདེ་མོར་འཚོ་བ་རོལ། གོ་ཐོས་ལྟར་ན་རྗེས་སུ་ཁོ་རང་རྒྱལ་པོའི་བློན་ཆེན་དུ་བསྐོས་ནས་རྒྱལ་པོར་བློ་དཀར་པ་དང་སྲིད་ལ་མཁས་ཤིང་འབངས་ལ་བྱམས་པའི་ཕུལ་དུ་བྱུང་བའི་བློན་ཆེན་ཞིག་ཏུ་གྱུར་བར་སྐད། །
      གྲོགས་པོ་ཆུང་ཆུང་ཚོ། བློ་རིག་གྲུང་པོ་ནི་དབུལ་ཕྱུག་དང་ཐོབ་ཐང་མཐོ་དམན་ལ་རག་ལས་པ་ཞིག་མ་ཡིན་པར། རྟག་པར་དམའ་མོའི་ཁྲོད་དུ་གྲུང་པོ་དང་མཐོན་པོའི་ཁྲོད་དུ་བླུན་པོ་ཡོད་ཟེར། སྐབས་འགར། ནོར་གྱིས་དབུལ་བ་དང་ཐོབ་ཐང་དམན་པ་སོགས་ཀྱིས་ཀྱང་བློ་རིག་གྲུང་པོ་རྣམས་ལ་བྱ་བ་ལེགས་འགྲུབ་འབྱུང་བ་དཀའ་ཁག་བཟོ་སྲིད་མོད། ཡིན་ནའང༌། ཁྱོད་ལ་དཀའ་བ་ཐམས་ཅད་ཁྱད་དུ་སེལ་བ་དང་ཡང་ཡང་ཕམ་ཡང་ཡིད་མི་ཆད་པའི་སྙིང་སྟོབས་ལྡན་ཚེ། ཁྱོད་ཀྱི་བློ་རིག་གྲུང་པོས་གྲུབ་འབྲས་ཁྱད་དུ་འཕགས་པ་བསྐྲུན་པར་གདོན་མི་ཟ།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号