ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །བློ་རིག་གྲུང་པའི་རུས་སྦལ།
སྤེལ་དུས།03-15  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      ཝ་མོ་ཞིག་ཡོད་པ་ཤིན་ཏུ་ལྟོགས་ནས་ཁ་ཟས་འཚོལ་ཆེད་ཡར་རྒྱུག་མར་རྒྱུག་བྱས། གློ་བུར་དུ་སྦལ་བ་ཞིག་མཐོང༌། ཝ་མོའི་སེམས་ལ།སྔོན་ན་སྦལ་བ་འདི་ཕོ་ཞབས་ལ་འདིང་བསམས། ཝ་མོས་སྦལ་བས་ཤེས་དོགས་ཀྱིས་གོམ་པ་གང་རེ་གང་རེ་བྱས་ནས་འཇབ་ནས་སོང་། བལྟས་བལྟས་ལ་སྦལ་བ་ལག་ཏུ་ཟིན་ལད་ཡོད། སྦལ་བས་གནོད་འབུ་འཛིན་བཞིན་པས་ཉེན་ཁ་མ་ཚོར། དོན་དེ་རུས་སྦལ་གྱིས་མཐོང་ནས། མྱུར་དུ་ཕྱི་སྐོགས་ལས་མགོ་བོ་ཕྱིར་བསྲིངས་ནས་ཝ་མོའི་རྔ་མར་སོ་བཏབ། ཨ་ཚ་ཚ། སུ་ཡིན། སུས་ང་ཡི་རྔ་མར་སོ་བཏབ་པ་ཡིན། ཝ་མོས་འུར་བརྒྱབ་ནས་དྲིས།
རུས་སྦལ་གྱིས་ཝ་མོར་ལན་བཏབ་བམ། དཔེ་མི་སྲིད། གལ་ཏེ༌ཁ་གདངས་ནས་སྐད་ཆ་བཤད་ཚེ། ཝ་མོའི་རྔ་མ་ཁ་ནས་ཤོར་བ་མ་ཡིན་ནམ། རུས་སྦལ་གྱིས་ཝ་མོའི་རྔ་མར་སོ་བཏབ་ནས་གཏན་ནས་མ་བཏང༌། སྦལ་བས་ལྟག་རྒྱབ་ནས་ཝ་མོས་འུར་བརྒྱབ་སྟེ་གནམ་ལྡིང་ས་ལྡིང་བྱེད་པ་ཐོས་འཕྲལ། ད་གཟོད་ཉེན་ཁ་ཚོར་ནས། རྫིང་བུའི་ཁར་བརྒྱུགས་ཏེ། ཅལ་སེ་ཆུ་ནང་དུ་ལྡིང་ནས་བྲོས་སོང༌།
      ཝ་མོས་སྦལ་བ་ཁ་ནང་དུ་མ་འོང་བ་མཐོང་ནས་ཁོང་ཁྲོ་ཆེན་པོ༌ལངས། སུ་ལ་འདི་འདྲའི་སྙིང་སྟོབས་ཤིག་ཡོད་དམ། ང་ཨ་ཆེ་ཝ་མོའི་རྔ་མར་སོ་འདེབས་ནུས་མཁན་དེ་སུ་ཡིན་ནམ། ཨ་ལ། ཨ་ལ། རུས་སྦལ་ཞིག་རེད་ལ། ཁྱོད་སྙིང་སྟོབས་ཆེ་བ་ལ། ང་ཡིས་སྦལ་བ་ཟ་མ་ཐུབ་ཚེ། རུས་སྦལ་ཞིག་ཟོས་ཀྱང་མི་ཆོག་རྒྱུ་མེད། རུས་སྦལ་གྱིས་སྦལ་བ་ཉེན་ཁ་ལས་ཐར་བ་མཐོང་རྗེས་མགོ་བོ་ཕྱི་སྐོགས་ཀྱི་ནང་དུ་བསྐུམས་སོང༌། ཝ་མོས་དེའི་མགོར་སོ་འདེབས་མ་ཐུབ་པར་དེའི་རྐང་ལག་ལ་སོ་འདེབས་བསམས། རུས་སྦལ་གྱིས་རྐང་ལག་ཀྱང་ཕྱི་སྐོགས་ནང་ཏུ་བསྐུམས་པས་ཝ་མོས་དེའི་རྐང་ལག་ལའང་སོ་འདེབས་མ་ཐུབ། ཡིན་ཡང༌། རྔ་མ་ཕྲ་མོ་ཞིག་མཐོང་བས། རྔ་མར་སོ་འདེབས་རྩིས་བྱས།རུས་སྦལ་གྱིས་དེ་མ་ཐག་རྔ་མ་ཡང་ཕྱི་སྐོགས་ནང་དུ་བསྐུམས། ཝ་མོ་ཞེ་སྡང་དང་བཀྲེས་ལྟོགས་ཀྱིས་མ་བཟོད་པར། རུས་སྦལ་གྱི་སྲ་ཞིང་མཁྲེགས་པའི་ཕྱི་སྐོགས་ལ་སོ་བཏབ། ཁྲོག་སྒྲ་དང་བཅས་ཝ་མོའི་སོ་ཆག་རུང༌། རུས་སྦལ་གྱི་ཕྱི་སྐོགས་ལ་སྐྱོན་ཅི་ཡང་བཟོ་མ་ཐུབ།
      ཝ་མོ་ན་རེ། རུས་སྦལ་རུས་སྦལ་ཁྱོད་ཀྱིས་ང་ལ་ཞིབ་ཏུ་ཉོན། །ཁྱོད་ཀྱི་ཕྱི་སྐོགས་ཇི་ལྟར་སྲ་ཞིང་མཁྲེགས་ན་ཡང༌། །ང་ཡིས་ཁྱོད་རང་ནམ་མཁའི་དབྱིངས་སུ་འཕེན་རྒྱུ་ཡིན། །ཁྲོག་སེ་ས་ལ་བརྒྱབ་ནས་འཆི་བར་མི་སྐྲག་གམ། །ཞེས་སྨོས། རུས་སྦལ་ན་རེ། ཨ་ཆེ་ཝ་མོ་ཐུགས་རྗེ་ཆེ། །ཁྱོད་ཀྱིས་ང་རང་འཕེན་རོགས་གནང༌། །ནམ་མཁའི་ལྟད་མོ་ང་ཡིས་བལྟ། །དེ་ཡི་སྐྱིད་ཅིག་གང་ན་ཡོད། །ཅེས་ལན་བཏབ།
      ཝ་མོས་ཡང༌། རུས་སྦལ་རུས་སྦལ་ང་ལ་ཞིབ་ཏུ་ཉོན། །ཁྱོད་ཀྱི་ཕྱི་སྐོགས་ཇི་ལྟར་སྲ་ན་ཡང༌། །ང་ཡིས་ཁྱོད་རང་མེ་ཐབ་ནང་དུ་གཡུག །སིར་སྒྲ་དང་བཅས་འཚིག་ན་སྙིང་རེ་རྗེ། །ཞེས་ཟེར། རུས་སྦལ་ན་རེ། ཝ་མོ་ཝ་མོ་ཁྱོད་ལ་ཐུགས་རྗེ་ཆེ། །ང་ཡི་རྐང་ལག་གྲང་ནས་བཟོད་ཐབས་བྲལ། །མེ་ཐབ་དྲོན་མོ་ཡན་ན་སྐྱིད་ཅིག་མེད། །མྱུར་བ་མྱུར་དུ་ང་རང་འཕེན་རོགས་མཛོད། །ཅེས་ལན་བཏབ།
      དེ་ནས་ཡང་ཝ་མོ་ན་རེ། རུས་སྦལ་རུས་སྦལ་རྣ་བ་ཀྱོར་ཀྱོར་བྱས་ནས་ཉོན། །ཁྱོད་ཀྱི་ཕྱི་སྐོགས་ཇི་ལྟར་སྲ་ཞིང་མཁྲེགས་ན་ཡང༌། །ང་ཡིས་ཁྱོད་རང་རྫིང་བུ་ཆེན་པོའི་ནང་དུ་འཕེན། །ཅལ་སེ་ཆུ་ལ་ལྷུང་ནས་འཆི་བར་མི་སྐྲག་གམ། །ཞེས་སྨོས། རུས་སྦལ་གྱིས་ཐོས་འཕྲལ་སྐད་ལ་བརྒྱབ་ནས་ངུ་ཞོར་དུ་ཨ་ཆེ་ཝ་མོ་ལོ་ལོ་སེམས་བཟང་མ། །རྫིང་བུར་མ་འཕེན་ང་ལ་སྙིང་རྗེ་སྒོམས། །རུས་སྦལ་ང་ནི་ཆུ་ལ་ཤིན་ཏུ་སྐྲག །ཆུ་ཡི་ནང་དུ་གསོན་པའི་རེ་བ་མེད། །ཨ་ཆེ་ཝ་མོ་ལོ་ལོ་སེམས་བཟང་མ། །ང་རང་ཅིས་ཀྱང་ཚེ་ཐར་གཏོང་བར་ཞུ། །ཞེས་ཞུ་བ་བྱས། ཝ་མོས་རུས་སྦལ་ཆུ་ལ་སྐྲག་ནས་ངུས་པ་མཐོང་འཕྲལ་སེམས་ལ་ཁྱོད་ལའང་སྐྲག་ས་ཞིག་ཡོད་པ་རེད་དམ་སྙམ་ནས་དགའ་བཞིན་རུས་སྦལ་གྱིས་ཞུ་བ་བྱས་པར་ཁ་ཡ་ཡང་མི་བྱེད་པར་སྲ་ཞིང་མཁྲེགས་པའི་ཕྱི་སྐོགས་ནས་བཟུང་སྟེ་རྫིང་བུའི་ཁར་སོང་ནས་ཅལ་སེ་ཆུ་ནང་དུ་འཕངས།
      རུས་སྦལ་ཚུ་ནང་དུ་ལྷུང་རྗེས། མགོ་བོ་རྐང་ལག་དང་བཅས་པ་ཕྱིར་བསྲིངས་ནས་བདེ་མྱུར་ངང་ཆུར་རྐྱལ་ནས་སྦལ་བའི་གམ་དུ་འོངས། གྲོགས་པོ་བཟང་བོ་གཉིས་ཀ་དགོད་ཞོར་དུ་ན་རེ། ཨ་ཆེ་ཝ་མོ་སེམས་གནག་མ། ། ཁྱོད་ཀྱིས་དེད་གཉིས་བཟའ་འདོད་དམ། །ད་ལྟ་ཉིད་དུ་བཟའ་བར་ཤོག ། དེད་གཉིས་འདི་རུ་བསྒུག་ལ་འདུག །ཅེས་མཉམ་བཤད་བྱས། ཝ་མོ་ཁོང་ཁྲོའི་མེ་ལྕེ་འབར་ནས་ཞེ་སྡང་ངང་སྦལ་བ་དང་རུས་སྦལ་གཉིས་ཀར་སྙིང་ནད་རྩོད་ཆེད་ཆུ་ནང་དུ་མཆོངས་པ་ན། ཅལ་སྒྲ་དང་བཅས་རྫིང་ཆུའི་གཏིང་དུ་ནུབ་སོང༌།
      གྲོགས་པོ་ཆུང་ཆུང་ཚོ། ཁྱོད་ཚོས་ཤོད་དང༌། ཝ་མོ་ཆུ་ཁར་ཡོང་ཐུབ་བམ། གནའ་སྒྲུང་འདིའི་ནང་རུས་སྦལ་གྱིས་བློ་གྲོས་ལ་བརྟེན་ནས་ཝ་མོ་བཏུལ་ཏེ་སྦལ་བ་དང་རང་ཉིད་སྲུང་སྐྱོབ་བྱས། ང་ཚོས་ཀྱང་དོན་དག་བསྒྲུབ་སྐབས། བློ་གྲོས་ལ་བརྟེན་དགོས་པ་ལས། རྨོངས་ལས་དང་ཧོད་རྒྱུག་བྱེད་མི་འོས། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང་ཀྱི་བརྩོན་པ་མ་བཏང་ཚེ། ད་གཟོད་རང་ལ་ཡོན་ཏན་ལྡན་པ་དང༌། རང་གི་བློ་གྲོས་ཀྱི་སྒོ་མོ་ཆེས་ཆེར་ཕྱེ་ནས་དོན་དག་ཡོད་ཚད་ལ་ཁ་ཡ་བྱེད་པའི་གདེངས་ཚོད་ལྡན་དེས།
དེ་ཡང་མཁས་པའི་ལེགས་བཤད་ལས། གལ་ཏེ་དགྲ་ལ་གནོད་འདོད་ན། །རང་ཉིད་ཡོན་ཏན་ལྡན་པར་བྱ། །དེ་ཡིས་དགྲ་ཡང་སེམས་སྲེག་ཅིང༌། །རང་ཡང་བསོད་ནམས་འཕེལ་བར་འགྱུར། །ཞེས་གསུངས།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号