ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །བྱི་ལིའ་ནུས་རྩལ།
སྤེལ་དུས།03-15  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      ནགས་ཚལ་ཆེན་པོ་ཞིག་གི་ནང་ན་སྲོག་ཆགས་སྣ་ཚོགས་ཀྱིས་མཉམ་དུ་འཚོ་བཞེས་བྱེད་ཀྱིན་ཡོད།
      ཉིན་ཞིག་ལ། བྱི་ལ་ཞིག་ནགས་ཚལ་ཁྲོད་ཝ་མོ་ཞིག་དང་ཕྲད། བྱི་ལའི་སེམས་ལ་ཝ་མོ་ནི་རིག་པ་རྣོ་ཞིང་སྤྱི་ཚོགས་ཀྱི་ཉམས་མྱོང་དང་ལྡན་ཕྱིར། བརྩི་བཀུར་བྱ་འོས་བསམས་ནས། ལྷག་བསམ་ངང༌། སྙིང་ཉེ་བའི་སྐུ་ཞབས་ཝ་མོ་ལགས། ཁྱེད་རང་བདེ་མོ་ཡིན་ནམ། ཉེ་ལམ་ཁྱེད་ཀྱི་སྐུ་ལུས་བདེའམ། དཀའ་སྡུག་གིས་ཁེངས་པའི་ཉིན་མོ་འདི་དག་ཁྲོད། ཁྱེད་ཀྱི་འཚོ་བར་དཀའ་ཁག་འདྲ་མ་བྱུང་ངམ་ཞེས་དྲིས།
      ཝ་མོས་གདོང་ལ་ཁེངས་དྲེགས་ཀྱི་རྣམ་པ་ཞིག་ཤར་ནས་བྱི་ལའི་མགོ་ནས་རྔ་མའི་བར་ལྟ་ཡག་ཅིག་བྱས་རྗེས། མགོ་བོ་གནམ་ལ་འཁོར་ནས་ཡུན་རིང་ལ་བསྡད་རྗེས་སྣ་གཉེར་གཉེར་དང་ཁ་བརྫེས་བརྫེས་བྱས་ནས་ན་རེ། ཀ་ཡེ་སྐད་ཆ་མང་ཞིང་ཁ་སྤུ་གཟེངས་པའི་གཏེ་ངན་ཁྱོད། །ག་ལེར་ཁྱི་ཁ་ཟུམ་ལ་ང་ཡི་གཏམ་ལ་ཞིབ་ཏུ་ཉོན། །ཅ་རི་འདྲ་བའི་ཙི་གུ་ཆ་ཞིག་མི་སོད་སྐྱག་གཟན་ཁྱོད། །ཇ་ཆང་འཚོ་བའི་སྐོར་ལ་ཉ་ཉོག་སྐད་ཆ་མ་མང་པར། །ཏཱ་རེ་ཚིག་འགའ་བསླབས་ནས་ཐ་ཤལ་སྤྱོད་པ་མི་སྤོང་པར། །ད་རུང་མཐུ་རྩལ་ཅི་ཡོད་ན་གཞོན་གསར་རྟགས་ངོམ་པ་གླེན། །ཞེས་གཤེ་གཤེ་བཏང་ཞིང༌། སླར་ཡང་བྱི་ལར་ལྟ་བཞིན་ཁྱོད་ཀྱིས་ཅི་ཤེས། ཁྱོད་ལ་མཐུ་ནུས་ཅི་མཆིས་ཞེས་དྲིས། བྱི་ལས་ཁེངས་སྐྱུང་ངང་ན་རེ། ང་ཡིས་མཐུ་ནུས་སྣ་གཅིག་མ་གཏོགས་མི་ཤེས་ཅེས་ལན་བཏབ། ཝ་མོས་ཁྱོད་ཀྱིས་མཐུ་ནུས་སྣ་གང་ཤེས་ཞེས་དྲིས་པ་ན། བྱི་ལ་ན་རེ། གལ་ཏེ། ཁྱི་ཡིས་ང་རང་གི་རྗེས་འདེད་དུས་ང་སྡོང་བོ་ཞིག་གི་རྩེ་མོར་འགོས་ནས་སྐུང་ཐུབ་ཟེར། ཝ་མོ་ན་རེ། ཨ་ཙེ། དེ་ཙམ་ཨེ། ང་ལ་མཐུ་རྩལ་བརྒྱ་ལྷག་ལྡན་པ་མ་ཟད། ད་དུང་གཡོ་སྒྱུ་རྐྱལ་བ་གང་ཡོད། ཁྱོད་ལ་བལྟས་ན་སྙིང་རྗེ་བར་འདུག ཤོག་དང༌། ང་ཡི་རྗེས་ལ་ཤོག བདག་གིས་ཁྱོད་ལ་ཁྱི་ཁ་ནས་ཐར་བའི་མཐུ་རྩལ་འཁྲིད་ཟེར།
      སྐབས་དེར། རྔོན་པ་ཞིག་གིས་ཤ་ཁྱི་བཞི་ཁྲིད་ནས་འོངས། བྱི་ལས་མཐོང་མ་ཐག་བདེ་མྱུར་ངང་སྡོང་བོ་ཞིག་གི་སྟེང་མཆོངས་ཏེ། ཡལ་ག་དང་ལོ་མ་སྟུག་པོས་རང་ཉིད་ཡོངས་སུ་གཡོགས། ཝ་མོ་བླ་འཁྱམས་པ་ནང་བཞིན་ས་དེ་ནས་འགུལ་མ་ཕོད། བྱི་ལས་སྡོང་མགོ་ནས་འཚབ་འཚུབ་ངང་སྐུ་ཞབས་ཝ་མོ་ལགས། རེམ། རེམ། རེམ་མ་ཕྲོས་ཞེས་བཤད། ཡིན་ཡང༌། ཤ་ཁྱི་དེ་དག་གིས་ཝ་མོ་བསྐོར་ནས་འབྲོ་སའི་ཁུང་མེད་པར་བྱས།
      བྱི་ལས་ཤ་ཁྱི་དེ་དག་གིས་ཝ་མོ་དུམ་བུར་གཏུབ་པ་མཐོང་ནས་་དངན་པ་ཞིག་འཐེན་ནས་ན་རེ། པ་ཏྲའི་རི་མོས་བརྒྱན་པའི་ཕ་གིའི་སྤང་དུ་སྐྱེས་པ་ཡི། །བ་ལིའི་མེ་ཏོག་དཀར་པོ་མ་རབས་ཤ་ཁྱིས་ཝ་མོ་ལ། །ཙ་ར་བཅད་པའི་ཁྲག་གིས་ཚ་ལུ་མ་ཡི་མདོག་ལྟར་བསྒྱུར། །ཛ་དྲག་ཆེ་བའི་ཉེན་ཁས་ཝ་མོ་བློ་ལྡན་མཐུ་རྩལ་ཅན། །ཞ་བོ་ཞིག་དང་མཚུངས་པར་ཟ་དེ་ཟིང་དེ་གྱུར་བ་ལས། །འ་ལེ་འོལ་ལེ་མ་ལེགས་ཡ་ང་བ་ཡི་རྐྱེན་ངན་བྱུང༌། །ར་ཕོའི་དཔའ་ཙམ་མེད་པར་ལ་རྒྱའི་ཁ་ཕོ་འཐེན་འཐེན་ནས། ། ཤ་ཁྱི་རྫིག་རྔམ་ཆེ་དུས་ས་ལ་ཟུག་པ་ཇི་བཞིན་དུ། །ཧ་ཅང་སྐྲག་ནས་མ་ཐར་ཨ་ཧོ་ཝ་མོ་སྙིང་རེ་རྗེ། །ཞེས་སྨོས་ནས་སེམས་སྡུག་བཞིན་ཕྱིན་སོང༌།
      གྲོགས་པོ་ཆུང་ཆུང་ཚོ། མི་ཞིག་ལ་མཚོན་ན་ཐོག་མར་སློབ་དགོས་པའམ་ཤེས་དགོས་པ་ནི་འཚོ་ཐབས་ཡིན་ཏེ། ཐོག་མར་འཚོ་བའི་ཐབས་སྦྱངས་རྗེས། ད་གཟོད། འཚོ་བ་ཇེ་ལེགས་སུ་གཏོང་བའི་ཐབས་ལ་འབད་དགོས། འཚོ་ཐབས་ཀྱི་ནང་དུ་མི་ཚེའི་ཀྱག་ཀྱོག་དང་འཚོ་བའི་དཀའ་སྡུག གློ་བུར་དུ་བྱུང་བའི་དོན་རྐྱེན་སོགས་ལ་ཁ་ཡ་བྱེད་པའི་མཐུ་ནུས་ལྡན་པའང་འདུས་དགོས། གལ་ཏེ། འཚོ་བའི་ཁྲོད་དུ་དོན་རྐྱེན་བྱུང་དུས་ཅི་བྱ་བཏོལ་མེད་དུ་གྱུར་བ་དང་ཡང་ན་ཝ་མོ་ནང་བཞིན་ནམ་རྒྱུན་ང་རྒྱལ་གྱི་ཁ་ཕོ་འཐེན་ནས་རྐྱེན་ངན་དང་འཕྲད་ཚེ། ཐ་ན་རང་སྲོག་སྲུང་བའི་སྤོབས་པ་དང་མཐུ་ནུས་དང་བྲལ་ན། དེ་ནི་འཚོ་ཐབས་མ་ཤེས་པ་དང་འཚོ་ནུས་མེད་པའི་རྟགས་རེད།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号