ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །བག་ལེབ་མཐུ་ཅན།
སྤེལ་དུས།03-15  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      བྱི་ལ་མེ་མེ་ནི་བྱི་ལ་ཨ་ཕའི་བུ་མོ་ཁེར་སྐྱེས་ཡིན་པས། གཅེས་ལང་དུ་བཏང་འདུག མི་འགྱངས་པར་སློབ་གྲྭར་འགྲོ་རན་མོད། ཡིན་ཡང༌། མེ་མེ་ནི་ཤ་སྐམ་ཞིང་གཟུགས་ཆུང་ལ་ངོ་མདོག་ཀྱང་སྐྱ་ཐེག་གེར་ཡོད། བྱི་ལ་ཨ་ཕྱིས་རང་གི་ཚ་མོར་ཤིན་ཏུ་གཅེས་པས། ཉིན་རེ་རེར་མེ་མེ་ལ་ཁ་ཟས་ཞིམ་པོ་ཁོ་ན་གཡོ་བཞིན་ཡོད། ནངས་མོ། བྱི་ལའི་ཨ་ཕྱིས་མེ་མེ་ལ་འོ་མ་བསྐོལ་བ་དང་བྱ་སྒོང་བཙོས་ནས་ན་རེ། ཨ་ཕྱིའི་གཅེས་ཕྲུག་མ། འོ་མ་དང་བྱ་སྒོང་ལ་ཟས་བཅུད་སྣ་ཚོགས་འཛོམས་པས་ཁྱོད་ལ་གཟུགས་སྐྱེས་པར་ཤིན་ཏུ་ཕན་ཟེར། མེ་མེ་ཡིས་ཁ་འདོང་འདོང་བྱས་ནས་ཤིན་ཏུ་མི་དགའ་བར། ང་ཡིས་ཟ་མི་འདོད། འོ་མ་དང་བྱ་སྒོང་ལ་ཟ་རྒྱུ་ཅི་ཡོད་ཅེས་བཤད། དྲོས་ཇ་ལོན་སོང༌། བྱི་ལ་ཨ་ཕྱིས་ལུག་ཤ་ཚོན་པོ་བཙོས་པ་དང༌། ཤ་ཁུ་མངར་མོ་གདུས་ནས་ན་རེ།གཅེས་ཕྲུག་མ། མྱུར་དུ་ཟོ། རེམ་མ་ཟོ། ཟོ་དང་ལུས་པོ་དར་བར་ཕན་ཟེར། མེ་མེ་ཡིས་སྣ་གཉེར་གཉེར་བྱས་ནས་ན་རེ། ང་ཡིས་ཟ་མི་འདོད། ང་སྔ་མོ་ནས་ཟ་མ་འདི་དག་ལ་སུན་སྣང་སྐྱེས་འདུག་ཅེས་བཤད། དགོང་མོ། བྱི་ལའི་ཨ་ཕྱིས་ཤ་ཚོད་ལས་ནས་མེ་མེ་ལ། གཅེས་ཕྲུག་མ།རེམ། མྱུར་དུ་ཤོག་ལ་ཤ་ཚོད་ཁོལ་མ་ཟོ། ཤ་ཚོད་ལ་ཟས་བཅུད་འཛོམས་པས། ཤ་མདངས་མཛེས་ཞེས་སྨོས། མེ་མེ་ཡིས་སྨིན་མ་བསྡུས་ཤིང་ཁ་མེར་མེར་བྱས་ནས། མི་ཟ། མི་ཟ། ཁྱོད་ཀྱིས་ལས་པའི་ཟ་མ་ང་ཡིས་ཟ་མི་འདོད་ཅེས་འུར་བརྒྱབ། བྱི་ལའི་ཨ་ཕྱིས་མགོ་བོ་གཡུག་གཡུག་བྱས་ནས་ངན་པ་ཞིག་འཐེན། བྱི་ལ་ཨ་མ་ཕྱིར་འོང་དུས་བྱི་ལ་ཨ་ཕྱིས་མགོ་བོ་གཡུག་བཞིན་བྱིས་པ་འདིར་ཐབས་མེད་ཅེས་སྨོས། བྱི་ལ་ཨ་ཕ་ཕྱིར་འོང་དུས་བྱི་ལ་ཨ་ཕྱིས་ཡང་དངན་པ་འཐེན་བཞིན། མེ་མེ་ཡིས་ཟ་མ་མི་ཟ་བས་ད་ཅི་བྱ་ཞེས་བཤད།
      དགོང་ཇ་འཐུང་ཚར་རྗེས། ཁྱིམ་གང་བོས་གྲོས་ཚོགས་བསྡུས་ནས། ཇི་ལྟར་མེ་མེ་ལ་ཟ་མ་ཟ་རུ་འཇུག་པའི་གནད་དོན་ལ་གྲོས་མོལ་བྱས། བྱི་ལ་ཨ་ཕ་ན་རེ། ང་ལ་བག་ལེབ་མཐུ་ཅན་ཞིག་ཡོད་ལ། རོ་མངར་ཞིང་བྲོ་བ་ཞིམ་ཞེས་བཤད། མེ་མེ་ཡིས་ཐོས་རྗེས་ང་ལ་བག་ལེབ་མཐུ་ཅན་དགོས། ངས་བག་ལེབ་མཐུ་ཅན་ཟ་འདོད། ད་རེམ་མ་ཟ་རྒྱུ་ཞེས་འུར་བརྒྱབ། བྱི་ལ་ཨ་ཕ་ན་རེ། ད་ལྟ་ཟ་མི་ཆོག སང་ཉིན་སྔ་མོ་ཁྱོད་ལ་སྟེར་ཟེར། མེ་མེ་ཡིས་བག་ལེབ་མཐུ་ཅན་ཟེར་བ་དེ་ཇི་ལྟ་བུ་ཞིག་ཡིན་ནམ་སྙམ་ནས་ཞག་གང་བོར་རེ་སྒུག་བྱས།
      ཕྱི་ཉིན་ཞོགས་པར། བྱི་ལ་ཨ་ཕས་ནངས་སྔ་མོ་ནས་མེ་མེ་མལ་ལས་བསླངས་ཏེ། ཁོ་དང་མཉམ་དུ་སྐྱེད་མོས་ཚལ་གྱི་ས་སློག་ནས་སོབ་སོབ་བྱེད་དུ་བཅུག་ཅིང༌། ས་སོབ་སོབ་བྱས་ཚར་རྗེས་ཡང་མེ་ཏོག་ལྡུམ་རར་ཆུ་ཁུར། ཉི་མ་དྲོས་ཇ་ལོན་རག་བར་ངལ་མ་གསོས་པར་ལས་ཀ་ལས་པས། ལུས་ཡོངས་རྔུལ་ཆུས་སྦངས་སོང༌། མེ་མེ་ན་རེ། ཨ་ཡོ་ཨ་མ། ང་ཆད་ནས་ཤི་ཐལ། ཨ་ཕ་ལོ་ལོ། ང་ལྟོགས་ནས་ཤི་ཐལ། ང་ཚོས་ཟ་མ་ཟ་ཨེ་ཞེས་འུར་བརྒྱབ། ཨ་ཕས་བག་ལེབ་ཆེན་པོ་ཞིག་ཁྱེར་འོངས་ནས་ན་རེ། རེམ་མ་ཟོ། འདི་ནི་བག་ལེབ་མཐུ་ཅན་ཟེར་བ་དེ་ཡིན་ཟེར་ནས་མེ་མེ་ལ་བྱིན། བག་ལེབ་མཐུ་ཅན་ཡིན་ཨེ། མེ་མེ་ཡིས་ཨ་ཕས་ལག་ནས་ཕྲོགས་ནས་སོ་ཞིག་བཏབ། མུར་མུར་བལྡད་ཀྱིན་ཁ་ནང་གི་བལྡད་འཕྲོ་མ་ཚར་བར་ཡང་སོ་རྒན་ཞིག་བཏབ་ནས་ཅི་འདྲའི་བག་ལེབ་ཞིམ་པོ་ཞིག་ཟེར་བཞིན་མིག་རྡེབ་དབང་ཙམ་ལ་བག་ལེབ་ཆེན་པོ་དེ་ཟོས་ཚར་ཏེ། ཨ་ཕ་ལགས། ང་ལ་ད་དུང་བག་ལེབ་མཐུ་ཅན་དེ་གཅིག་བྱིན་ན་ཆོག་གམ་ཞེས་སྨོས། དོན་ངོ་མས་བག་ལེབ་དེ་ནི་མཐུ་ཅན་བག་ལེབ་ཟེར་བ་ཞིག་ག་ལ་ཡིན། དེ་ནི་སྤྱིར་བཏང་གི་བག་ལེབ་ཅིག་གོ །
      གྲོགས་པོ་ཆུང་ཆུང་ཚོ། ནམ་རྒྱུན་འཚོ་བའི་ཁྲོད་ཤིན་ཏུ་གཅེས་ལང་དུ་བཏང་ཚེ། ཟས་ཞིམ་པོ་ཡིན་ཡང་ཞིམ་པའི་བྲོ་བ་ཤེས་མི་སྲིད། རྒྱགས་ཆེ་ན་ཀ་ར་བུ་རམ་མི་ཞིམ་ཞིང༌། ལྟོགས་ཆེ་ན་ནས་ཕྱེའི་གདུ་རུ་ཡིན་ཡང་ཞིམ་མོ། །མི་ཚེའི་འཚོ་བའང་དེ་ལྟར་ཡིན་ཏེ། འཚོ་བ་སྐྱིད་དྲགས་ན་སྐྱིད་པའི་ཚོར་བ་མི་ཤེས་པ་དང༌། འཚོ་བའི་སྐྱིད་སྡུག་མི་ཤེས། དེ་བས། ང་ཚོའི་འཚོ་བའི་ཁྲོད་ལན་རེར་དཀའ་ཁག་དང་ཕྲད་པ་དེ་ཡང་དོན་ངན་ཞིག་ཡིན་པའི་དེས་པ་མེད། སྡུག་གི་འཚོ་བ་ཐེག་ནུས་ཚེ།ད་གཟོད་སྐྱིད་ཀྱི་འཚོ་བ་རོལ་ཤེས་པ་རེད།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号