ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །སྦལ་བ་ཧ་མོའི་གཏམ་རྒྱུད།
སྤེལ་དུས།03-15  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      ཁྱིམ་ཚང་ཞིག་ལ་བྱིས་པ་ཁེར་སྐྱེས་ཤིག་ཡོད། མིང་ལ་ནོར་བུ་ལྷུན་གྲུབ་ཟེར། ཁྱིམ་ཚང་དེ་ནི་སྡེ་བ་དང་ཤིན་ཏུ་ཐག་རིང་ས་ན་ཡོད་པས། གཡས་གཡོན་ན་ཁྱིམ་ཚང་གཞན་པ་མེད་ལ། བུ་ཆུང་ནོར་བུ་ལྷུན་གྲུབ་ལའང་བྱིས་པ་རྩེད་གྲོགས་མེད། ཁོ་རང་ཉིན་གང་བོར་རང་ཁྱིམ་གྱི་ལྷས་ར་ནས་གཅིག་པུར་བསྡད་དེ་ཚིག་གཅིག་ཀྱང་མི་སྨྲ་ཞིང༌། ནམ་རྒྱུན་གདོང་ན་དགའ་བའི་འཛུམ་མདངས་ཤིག་ཀྱང་མི་མཐོང་བར་ལུས་པོ་རིད་ཅིང་སྐམ།
      ནོར་བུ་ལྷུན་གྲུབ་ཀྱི་ཨ་མས་ཁོ་རང་ཉམ་ཐག་ནས་ནར་སོན་མི་ཐུབ་པ་མཐོང་ནས་ཉིན་རེ་རེར་ཉིན་གུང་ཟ་མའི་རྗེས་སུ་ད་དུང་ཁོ་ལ་འོ་མ་དཀར་ཡོལ་གང་དང་ཀ་ར་བག་ལེབ་གཅིག་རེ་ཁ་སྣོན་བྱེད་ཀྱིན་ཡོད་མོད། ནོར་བུ་ལྷུན་གྲུབ་ཀྱིས་མགོ་བོ་འཕྲེད་ལེ་གཡུགས་ནས་ཟ་འདོད་མེད།
      ཉིན་ཞིག་ལ། ཨ་མས་ཡང་འོ་མ་དང་ཀ་ར་བག་ལེབ་ལྷས་རའི་སིལ་སྡོང་འོག་ཏུ་བཞག་ནས། ཨ་མའི་གཅེས་ཕྲུག་ལོ་ལོ། འོ་མ་ཐུངས་དང་གཟུགས་སྐྱེས་དེས་རེད་ཅེས་བཤད། ནོར་བུ་ལྷུན་གྲུབ་ལྷས་རའི་སིལ་སྡོང་གི་གྲིབ་བསིལ་འོག་ཏུ་བསྡད་ནས་འོ་མ་དང་ཀ་ར་བག་ལེབ་ལ་ལྟ་ཀྱིན་ཟ་འདོད་ཡེ་ནས་མེད་པའི་དུས་དེར། སྦལ་བ་ཞིག་གྱང་སྲུབས་ནས་ལྡིང་གིན་འོངས་ཏེ་ཨོག་སྦལ་མུར་མུར་བྱེད་ཀྱིན་ཁོ་ལ་བལྟས་འདུག ཁོའི་མིག་ལས་འོད་ཅིག་འཕྲོས་ཏེ། སྦལ་བ་སྦལ་བ། ཁྱོད་ལྟོགས་སམ་ཞེས་དྲིས་པ་ན། སྦལ་བས་ཨོག་སྦལ་འབུར་མ་དེ་མུར་མུར་ཞིག་བྱས་པ་དང་ཧ། ཧ་ཞེས་སྐད་ཅིག་འབྱིན་བྱུང༌། ནོར་བུ་ལྷུན་གྲུབ་ཤིན་ཏུ་དགའ་ནས། སྦལ་བ་སྦལ་བ། ཁྱོད་ལ་མིང་ཞིག་ཨེ་ཡོད། གལ་ཏེ། ཁྱོད་ལ་མིང་མེད་ན། ཁྱོད་ཀྱིས་ད་ཅི་ཧ་ཧ་ཟེར་ནས་དགའ་བ་འདྲ་བས། ང་ཡིས་ཁྱོད་ལ་ཧ་མོ་ཞེས་བོས་ན་ཅི་འདྲ་རེད། ཁྱོད་ཀྱིས་ང་ལ་རྩེད་གྲོགས་བྱས་དང་ཆོག་གམ་ཞེས་དྲིས། སྦལ་བས་སླར་ཡང་ཨོག་སྦལ་མུར་མུར་ཞིག་བྱས། ནོར་བུ་ལྷུན་གྲུབ་ཀྱིས་འོ་མ་དང་ཀ་ར་བག་ལེབ་སྦལ་བའི་མདུན་དུ་བཞག་པ་ན། སྦལ་བས་འོ་མ་དཀར་ཡོལ་ཕྱེད་ཀ་འཐུངས་རྗེས། ནོར་བུ་ལྷུན་གྲུབ་ཀྱི་མདུན་ནས་ཡར་ལྡིང་མར་ལྡིང་བྱས་ཤིང༌། ལན་རེར་ཡར་ཀག་གིས་ལངས་པ་དང་ལན་རེར་མགོ་ལང་རྒྱག་བཞིན་རྩེད་མོ་རྩེས། ཡུག་ཙམ་ནས་ནོར་བུ་ལྷུན་གྲུབ་ལ་ལྟོགས་སྣང་ཞིག་སྐྱེས་ནས་ཀ་ར་བག་ལེབ་ཟོས་ཤིང་འོ་མ་དཀར་ཡོལ་ཕྱེད་ཀ་དེ་འཐུངས། ཨ་ལ། ཅི་འདྲའི་ཞིམ་པ་ལ། ཁོ་མར་སྒུར་ནས། ཧ་མོ། དེ་རིང་ནས་བཟུང༌། འོ་མ་ཕྱེད་ཀ་ཁྱོད་ཀྱིས་ཐུངས། ཕྱེད་ཀ་ང་ཡིས་བཏུང༌། ཀ་ར་བག་ལེབ་ཕྱེད་ཀ་ང་ཡིས་ཟ། ཕྱེད་ཀ་ཁྱོད་ཀྱིས་ཟོ་ཟེར། ནོར་བུ་ལྷུན་གྲུབ་ཀྱིས་ཉིན་རེ་རེར་འོ་མ་དཀར་ཡོལ་ཕྱེད་ཀ་སྦལ་བ་དེ་ལ་བླུད། གལ་ཏེ་ཁོས་དཀར་ཡོལ་སར་བཞག་ཀྱང་སྦལ་བ་གྱང་སྲུབས་ནས་ཕྱིར་མ་འོངས་ཚེ། ཁོས་ཧ་མོ༌། ཧ་མོ། སྒོར་ཤོག ཁྱོད་གྱི་འོ་མ་བཏུང་བར་ཤོག ཁྱོད་ཀྱི་བག་ལེབ་ཟ་རུ་ཤོག་ཅེས་འབོད་དེས་ཡིན། སྦལ་བ་ཧ་མོས་ཀྱང་ནོར་བུ་ལྷུན་གྲུབ་ཀྱིས་བོས་པ་ཙམ་གྱིས་ཕྱིར་ལྡིང་འོངས་ནས་བག་ལེབ་ལྷག་མ་ཟ་ཡག་དང་འོ་མ་འཐུང་འཕྲོ་འཐུང་ཡག་བྱས་རྗེས། གནམ་ལྡིང་ས་ལྡིང་བྱས་ནས་བུ་ཆུང་ནོར་བུ་ལྷུན་གྲུབ་དགའ་བར་བྱས་ཤིང༌། ཉིན་རེ་རེར་མུ་ཏིག་དང་ནོར་བུ། གསེར་སོགས་ལས་བཟོས་པའི་རྩེད་ཆས་རྣམ་པ་སྣ་ཚོགས་ཁྱེར་འོངས་ནས་ཁོ་ལ་བྱིན། ནོར་བུ་ལྷུན་གྲུབ་དང་སྦལ་བ་ཧ་མོ་གཉིས་ཀ་སྙིང་ཉེ་བའི་གྲོགས་པོར་གྱུར། གྲོགས་པོ་ཧ་མོ་ཡོད་པས་ཁེར་སྐྱེས་ཀྱི་སུན་སྣང་དང་བྲལ་ནས་དགའ་དགའ་སྐྱིད་སྐྱིད་ངང་ནར་སོན་ནས་ཉིན་རེ་ལས་ཉིན་རེར་གཟུགས་ཆེར་སྐྱེས་པ་དང་ལུས་པོ་དར་བར་གྱུར། ཉིན་ཞིག་ལ།བྱིས་པ་ནོར་བུ་ལྷུན་གྲུབ་ཀྱིས་ཁེམ་བུས་ཧ་མོའི་མགོ་ལ་རྡུང་བཞིན། ཧ་མོ། ཧེབ་རྐྱལ། རེམ་མ་ཐུངས། མང་པོ་ཐུངས་ཞེས་ཧ་མོ་དང་རྩེད་མོ་ཀུ་རེ་རྩེ་བ་ཁྱིམ་ཕྱགས་བཞིན་པའི་ཨ་མས་ཐོས་ཏེ། ཕྱིར་འོངས་ནས་བལྟས་པ་ན། སྦལ་བས་དཀར་ཡོལ་ཁ་ནས་བུའི་འོ་མ་བཏུང་བཞིན་པ་མཐོང་འཕྲལ་ཞེ་སྡང་ལངས་ནས་རོ་སྦལ་ཞེས་སྡིག་སྨོད་བྱེད་བཞིན་ཕྱགས་མས་སྦལ་བ་ཧ་མོ་རྒྱང་ལ་གཡུགས། སྦལ་བ་ཧ་མོར་རྨས་ལྕི་མོ་ཕོག་ཅིང་དངངས་སྐྲག་དང་བཅས་གྱང་སྲུབས་སུ་འཛུལ་སོང༌།
      དེ་ནས་བཟུང༌། སྦལ་བ་ཧ་མོ་ཕྱིར་མ་འོང༌། ནོར་བུ་ལྷུན་གྲུབ་ཀྱིས་ཇི་ལྟར་རེ་ལྟོས་བྱས་ཀྱང་ཕྱིར་མ་ཡོང༌། ནོར་བུ་ལྷུན་གྲུབ་སེམས་སྡུག་གིས་ཁེངས་ནས། ཉིན་རེ་རེར་ལྷས་རའི་སིལ་སྡོང་གི་གྲིབ་བསིལ་འོག་ཏུ་ཧ་མོ། ཧ་མོ་ཞེས་བོས་ཏེ་ཧ་མོ་ཨེ་ཡོང་ལ་རེ་སྒུག་བྱས། ཡིན་ཡང་སྦལ་བ་ཧ་མོའི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མ་བྱུང༌། བུ་ཆུང་ནོར་བུ་ལྷུན་གྲུབ་ལ་ཟ་གྲོགས་དང་རྩེད་གྲོགས་མེད་པས་དགའ་སྣང་ཡང་མེད་པར་གྱུར་ཞིང༌། ཟས་ཀྱི་ཡི་གའང་མེད་པར་གྱུར་ཏེ། འོ་མ་དང་ཀ་ར་བག་ལེབ་ལ་མིག་གིས་ཀྱང་ལྟ་འདོད་མེད། རིམ་བཞིན་ཁོའི་སྔོན་གྱི་དཀར་ལ་དམར་ཤ་རྒྱས་པའི་ངོ་མདངས་དེ་སྐྱ་བོ་ཐེག་གེར་གྱུར་བ་དང༌། ལུས་པོའང་ཉིན་རེར་ཇེ་རིད་དུ་གྱུར།
      ཡུན་རིང་མ་འགོར་བར། མཚན་མོ་འུག་པའི་ཐན་སྐད་གྲགས་པ་དང་བཅས་བུ་ཆུང་ནོར་བུ་ལྷུན་གྲུབ་ཀྱང་ཚེ་ལས་འདས་སོང༌།
      གྲོགས་པོ་ཆུང་ཆུང་ཚོ། ཁྱོད་ཚོར་ཡང་གཏམ་རྒྱུད་ཁྲོད་ཀྱི་ནོར་བུ་ལྷུན་གྲུབ་དང་འདྲ་བར་བྱམས་སྙིང་རྗེ་དང་ལྡན་པའི་སེམས་བཟང་ཞིག་ཡོད་པ་ཁོ་ཐག་རེད། རྒྱུ་མཚན་ནི། ན་ཆུང་བྱིས་པའི་དུས་ནི་སྐྱོན་གྱིས་མ་གོས་ཤིང་དྲི་མས་མ་སྦག་པའི་རིན་ཆེན་གསེར་གྱིས་མི་ཁུགས་པའི་དུས་རེད། གལ་ཏེ། ཁྱོད་ཀྱིས་ཀྱང་ནོར་བུ་ལྷུན་གྲུབ་དང་འདྲ་བར་འོ་མ་དཀར་ཡོལ་གང་དང་ཟས་ཁམ་གང་ཡིན་ཡང༌། རང་གི་གྲོགས་པོ་དང་མཉམ་དུ་རོལ་ཚེ། ཁྱོད་ལ་འོ་མ་དཀར་ཡོལ་ཕྱེད་ཀ་དང་ཟས་ཁམ་གང་གིས་གྱོང་གུན་ཐེབས་པ་མ་ཡིན་པར། དེ་ལས་ལྷག་པར་འཐོབ་དཀའ་བའི་སེམས་ཁམས་ཀྱི་གསོ་བཅུད་རིན་ཐང་བྲལ་བ་ཞིག་ཐོབ་པ་རེད། མི་ཞིག་གི་དར་རྒུད་དེ་ཡང་ཁ་ཟས་ཁོ་ནར་རག་ལས་པ་མ་ཡིན་པར། ཁམས་ཀྱི་གསོས་སུ་གྱུར་བའི་ཡར་སེམས་དང་དགེ་བའི་སེམས་རྒྱུད་ཅིག་ཀྱང་ལྷག་པར་གལ་ཆེའོ། །དེ་བས། ཁྱོད་ཚོ་རིམ་གྱིས་ནར་སོན་པ་དང༌། སྤྱི་ཚོགས་ཁོར་ཡུག་གི་སྦག་བཙོག་ཁྲོད་དུ་རང་གི་རྒྱུད་ནས་ལྷན་སྐྱེས་སུ་གྲུབ་པའི་སེམས་རྒྱུད་ལེགས་པོ་དེ་ནམ་ཡང་མི་འདོར་བར་སྨོན།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号