ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །རྒང་ཕྲུག་ཚེ་རིང་དོན་གྲུབ།
སྤེལ་དུས།03-15  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      ཉི་མ་གཞོན་ནུ་འཛུམ་དམུལ་ལེར་ཤར་རིའི་རྩེ་ནས་ཐག་ཚད་ཅིག་ལ་འཕགས་དུས། རྒང་ཕྲུག་ཚེ་རིང་དོན་གྲུབ་ད་དུང་མགོ་བོ་ཉལ་ཐུལ་གྱིས་བཏུམས་ནས་རྨི་ལམ་གྱི་ཞིང་ཁམས་ན་རྩེད་མོར་རོལ། ཨ་མས་ཚེ་རིང་དོན་གྲུབ། ཨ་མའི་གཅེས་ཕྲུག་ལོ་ལོ། རེམ། ཉི་མ་དྲོས་ཇ་ལོན་ཐལ། མྱུར་མོར་ལོངས་དང་སློབ་གྲྭར་འགྲོ་རན་ཞེས་བཤད། རྒང་ཕྲུག་ཚེ་རིང་དོན་གྲུབ་ཀྱིས་ཨ་མས་ཁོའི་རྨི་ལམ་དཀྲོགས་པས་སྡུག་མོ་འདོན་བཞིན་གླལ་སྒྱིང་ཞིག་བྱས་ཤིང་སྣ་ལ་ཕུར་ཕུར་ཙམ་བྱས་རྗེས་སླར་ཡང་འགྲམ་པ་ལག་པས་བསྐྱོར་ནས་གཉིད། ཨ་མས་སླར་ཡང་སྐད་བརྒྱབ་ནས། ཚེ་རིང་དོན་གྲུབ། ད་མ་ལངས་ན་སློབ་གྲྭའི་རྗེས་སུ་ལུས་རྒྱུ་རེད་ཅེས་བཤད། རྒང་ཕྲུག་ཚེ་རིང་དོན་གྲུབ་མལ་ལས་འཕག་ར་ཞིག་བྱས་ནས། ངའི་མགོ་ན་བས་ང་དེ་རིང་སློབ་གྲྭར་འགྲོ་མི་འདོད་ཟེར། ཨ་མས་སྙིང་རྗེ་ནས་ན་རེ། ཨ་མའི་གཅེས་ཕྲུག་གཅིག་པུ། དེ་རིང་སློབ་གྲྭར་འགྲོ་མི་འདོད་ན་ཁྱིམ་ནས་ངལ་གསོས། ཡིན་ནའང༌། ཕྱི་རུ་སོང་ནས་གང་སར་མ་རྒྱུག་ཟེར། རྒང་ཕྲུག་གིས་ཨ་སྐྱིད་ལ། དེ་རིང་ཉིན་ཧྲིལ་བོར་རྩེ་ཆོག་བསམས་ནས་སེམས་ཀྱི་དགའ་བ་གནོན་མ་ཐུབ།
      རྒང་ཨ་མ་ཕྱི་རུ་སོང་རྗེས་རྒང་ཕྲུག་ཚེ་རིང་དོན་གྲུབ་མལ་ལས་ལངས་ཏེ་ཕྱི་རུ་བརྒྱུགས་སོང༌། སིལ་དམར་གྱི་སྡོང་བོ་ཆེན་པོ་ཞིག་གི་སྟེང་ན། སྤྲེའུས་སྨྱུག་མ་རིང་པོ་ཞིག་བཟུང་ནས་སིལ་དམར་མར་སྤྲུག་གིན་ཡོད། ཨ་ལ་ལ། སིལ་དམར་ཆེ་ཞིང་ཟླུམ་ལ། འོད་ཁྱུག་ཁྱུག་བྱེད་ཀྱིན་འདུག་པས། འགྲམ་ཆུ་མི་ལྡང་རང་ལྡང་རེད། རྒང་ཕྲུག་ཚེ་རིང་དོན་གྲུབ་སིལ་སྡོང་འོག་ཏུ་འོངས་ནས་རང་ལུས་ཀྱི་ཚེར་མ་ཡོངས་སུ་བརྐྱངས། སིལ་དམར་ཆེན་མོ་མར་ལྷུང་ནས་རྒང་ཕྲུག་གི་ལུས་པོའི་ཚེར་མའི་སྟེང་མཛེར། སྤྲེའུ་ཆུང་ཆུང་གིས་སྡོང་མགོ་ནས་སིལ་དམར་གཅིག་མར་སྤྲུགས་ཚེ། གཅིག་དེ་རྒང་ཕྲུག་གི་ལུས་སྟེང་དུ་འབྱར་བ་དང༌། གཉིས་སྤྲུགས་ན་གཉིས་ཀ་རྒང་ཕྲུག་ཚེ་རིང་དོན་གྲུབ་ཀྱི་ལུས་པོའི་ཚེར་མའི་སྟེང་མཛེར་ནས། ཅང་མ་འགོར་བར་རྒང་ཕྲུག་གི་ལུས་ཧྲིལ་བོར་སིལ་དམར་གྱིས་བཀང༌། སྤྲེའུ་ཆུང་བས་རྒང་ཕྲུག་མཐོང་ནས། རྒང་ཕྲུག་ཚེ་རིང་དོན་གྲུབ། ཁྱོད་ཀྱིས་ང་ཡི་སིལ་དམར་ཕྲོགས་ནས་ཅི་བྱེད་ཅེས་འུར་བརྒྱབ། རྒང་ཕྲུག་དགོད་ཀྱིན་ན་རེ། ཁྱོད་ཀྱིས་སིལ་དམར་གྱིས་ང་ལ་གཅར་རྡུང་བྱས་པར་ངས་བཟོད་སྒོམ་བྱས་ན་ད་དུང་མི་ལེགས་སམ་ཞེས་ཟེར། སྤྲེའུ་སྡོང་མགོ་ནས་མར་བབས་ནས་རྒང་ཕྲུག་ལ་གནས་ལུགས་བཤད། རྒང་ཕྲུག་ཚེ་རིང་དོན་གྲུབ་ཀྱིས་དེས་ན་ཆོག་གི། ཁྱོད་ལ་སིལ་དམར་དགོས་ཚེ། རང་གིས་ང་ཡི་ལུས་སྟེང་ནས་ལོངས་ཞེས་སྨོས། སྤྲེའུ་ཆུང་བས་ལག་པ་བསྲིངས་ནས་རྒང་ཕྲུག་གི་ལུས་སྟེང་གེ་སིལ་དམར་ལེན་དུས། རྒང་ཕྲུག་གིས་ལུས་པོ་སྒུར་སྒུར་ཞིག་བྱས་པ་ན་ལུས་ཀྱི་ཚེར་མ་སྤྲེའུ་ཆུང་བའི་ལག་མགོར་གདབ། ཨ་ཧོ། ཁྲག་བཞུར་འོངས། རྒང་ཕྲུག་ཀྱིས་སིལ་དམར་ལུས་པོ་གང་ཁུར་ནས་དགའ་བའི་གླུ་དབྱངས་ལེན་བཞིན་ཕྱིན་སོང༌། སྤྲེའུ་ཆུང་བའི་ལག་པར་ན་ཟུག་ལངས་ནས་ངུས་བྱུང༌།
      སྲེ་མོང་ཞིག་སྡོང་འོག་བརྒྱུད་ནས་འགྲོ་དུས། སྤྲེའུ་ལ་ངུ་དོན་ཅི་ཞེས་དྲིས། སྤྲེའུས་དོན་དག་མགོ་ནས་མཇུག་བར་ཇི་མ་ཇི་བཞིན་དུ་སྲེ་མོང་ལ་བརྗོད། སྲེ་མོང་ན་རེ། རྒང་ཕྲུག་དེ་ཚད་ལས་བརྒལ་ཆེ། ང་ཡིས་དེ་ལ་བསླབ་བྱ་ཞིག་གཏོང་དགོས་ཟེར་ནས། སྐད་དམའ་མོས་སྤྲེའུ་ལ་འདི་ལྟར་བྱོས་ཞེས་བཅོལ་གདམས་བྱས། སྤྲེའུ་ཡིས་ལགས་སོ་ཟེར་ནས་སླར་ཡང་སྡོང་མགོར་འགོས་ཏེ། སིལ་དམར་སྤྲུག་ཡ། སིལ་དམར་འཐུ། སིལ་དམར་ཅི་འདྲའི་ཞིམ་པ་ལ་ཞེས་སྐད་གསེང་མཐོན་པོས་འུར་བརྒྱབ། རྒང་ཕྲུག་གིས་རྒྱང་ནས་ཐོས་པས་ཡང་བརྒྱུགས་འོངས་ནས་སྡོང་འོག་ཏུ་ལངས་ཏེ་ལུས་ཧྲིལ་བོར་སིལ་དམར་གྱིས་བཀང་བར་བྱས། སྐབས་དེར། གློ་བུར་དུ་སྲེ་མོང་བསླེབས་བྱུང༌། རྒང་ཕྲུག་གིས་སྲེ་མོང་མཐོང་འཕྲལ་སྐྲག་ནས་འདར། སྲེ་མོང་གིས་རྒང་ཕྲུག་གི་སྣ་ལ་རྐུབ་ཚོས་གཏད་དེ་དྲི་ངན་པའི་དབུགས་རུལ་ཞིག་བཏང་བས། རྒང་ཕྲུཀ་ཚེ་རིང་དོན་གྲུབ་དྲི་ངན་གྱིས་གཟིར་ནས་དྲན་མེད་དུ་བརྒྱལ་སོང༌། སྤྲེའུ་དང་སྲེ་མོང་གཉིས་ཀས་རྒང་ཕྲུག་ཚེ་རིང་ཚེ་གྲུབ་ཐག་པས་བཀྱིགས། རེ་ཞིག་འདས་རྗེས་རྒང་ཕྲུག་དྲན་པ་སངས་ནས། ཨ་ཁུ་སྲེ་མོང་ལགས།ཁྱོད་ཀྱིས་ང་རང་བཀྱིགས་ནས་ཅི་བྱེད་ཅེས་ངུ་ངག་གིས་དྲིས་པ་ན། སྲེ་མོང་ན་རེ། ཁྱོད་སློབ་གྲྭར་འགྲོ་མི་འདོད་ཅིང་སྤྱོད་པའང་ངན་པས་མ་རབས་ཀྱི་བྱ་བ་མང་པོ་བྱས། དེར་བརྟེན། ཀུན་དགའ་གྲོང་ཁྱེར་གྱི་སྲོག་ཆགས་ར་བར་རྒང་མེད་པས། ཁྱོད་དེར་བསྐྱལ་ནས་གྲོགས་པོ་ཆུང༌ཆུང་ཚོར་ལྟད་མོར་བཤམས་རྒྱུ་ཡིན་ཟེར། རྒང་ཕྲུག་ཚེ་རིང་དོན་གྲུབ༌ངུ་ཞོར་དུ། ཨ་ཁུ་སྲེ་མོང་ལགས། ང་རང་ལ་གུ་ཡངས་གཏོང་རོགས་གནང༌། རྗེས་ཕྱོགས་ང་ཡིས་དེ་ལྟར་མི་བྱ་ཟེར་ནས་ཞུ་བ་བྱས་ཤིང༌། རང་སྐྱོན་ཁས་བླངས། སྲེ་མོང་གིས་འགྲམ་པ་ལག་པས་བསྐྱོར་ནས་བསམ་བློ་ཡུན་རིང་ལ་བཏང་རྗེས་སྤྲེའུ་ལ། ཁྱོད་ཀྱིས་བལྟས་ན་ཇི་ལྟར་བྱ་ཞེས་དྲིས། སྤྲེའུས་ཀྱང་མགོ་བོ་འཁྱོགས་ནས་འདང་ཞིག་བརྒྱབ་རྗེས་ན་རེ། རྒང་ཕྲུག་ཚེ་རིང་དོན་གྲུབ་གཅིག་ནས་སློབ་གྲྭར་འགྲོ་མི་འདོད་པ་དང༌། གཉིས་ནས་གཞན་ལ་ངན་བྱས་པས། སྲོག་ཆགས་གླིང་ཀར་སྐྱེལ་ན་ཆོག་ཆོག་རེད་ཅེས་སྨོས། རྒང་ཕྲུག་གི་མགོ་བོ་སྨད་སོང༌། ཡིན་ནའང༌། སྤྲེའུས་སྐད་མགོ་ཇེ་མཐོར་བཏང་སྟེ་སླར་ཡང་ན་རེ། ཡིན་ནའང༌། རྒང་ཕྲུག་ཚེ་རིང་དོན་གྲུབ་ལོ་ན་ཆུང་བ་དང༌། ལྷག་པར་དུ་རང་གི་སྐྱོན་ངོས་ཟིན་ནས་རྗེས་ཕྱོགས་བཅོས་སྒྱུར་བྱེད་རྒྱུའི་དམ་བཅའ༌ཡང་ཡོད་ཕྱིར། ང་ཚོས་ཁོ་ལ་ཡང་བསྐྱར་གོ་སྐབས་ཤིག་སྦྱིན་ན་འགྲིག་ཟེར། སྲེ་མོང་ན་རེ། དེ་ལྟར་བྱའོ་ཟེར། རྒང་ཕྲུག་ཚེ་རིང་དོན་གྲུབ་ཀྱིས་མགོ་བོ་ཡར་བཀྱགས་ནས་སྤྲེའུ་ལ་ལྟ་བཞིན་མིག་ཟུང་ལས་བཀའ་དྲིན་ཞུ་བའི་མདངས་ཤིག་ཤར་བ་དང་མཉམ་དུ་ངོ་གདོང་དམར་པོར་གྱུར་སོང་།
      གྲོགས་པོ་ཆུང་ཆུང་ཚོ། ཁྱོད་ཀྱིས་ཀྱང་ཁ་གཡར་ས་ཞིག་བཙལ་ནས་སློབ་གྲྭར་མ་སོང་བའི་དོན་དེ་འདྲ་བསྒྲུབ་མྱོང་ངམ། དེ་ནི་མི་ལེགས་པའི་བྱ་སྤྱོད་ཅིག་ཡིན་པས། དེས་པར་དུ་བཅོས་སྒྱུར་བྱས་ན་ལེགས་སོ། །ང་ཚོས་དེས་པར་དུ་ཆུང་བའི་དུས་ནས་བཟུང༌། གོམས་གཤིས་བཟང་པོ་གོམས་པར་བྱ་དགོས། ཆུང་ཆུང་གཞོན་ནུའི་དུས་སུ་མི་སློབ་པར། རྒན་པ་མགོ་དཀར་དུས་སུ་འགྱོད་པ་ནི་ལས་ཀྱི་ཐ་མ་ཡིན། དོན་བྱ་ཐམས་ཅད་དུས་དང་རྣམ་པ་ཀུན་ཏུ་ཡང་བསྐྱར་མགོ་བརྩམས་ཆོག་པ་ཞིག་མ་ཡིན་ཏེ། དུས་ཀྱི་ཕོ་ཉ་ནི་སྐད་ཅིག་ཉིད་ལའང་སྡོད་པའི་སྐབས་ཡོད་པ་མ་ཡིན། ལོ་རེ་རེ་དང་ཟླ་རེ་རེ། ཉིན་རེ་རེ། ཆུ་ཚོད་རེ་རེ། སྐར་ཆ་རེ་རེ་བཞིན་ཁྱོད་རང་གཉིད་ལ་ཡུར་བའི་དུས་དང་ཁྱོད་རང་རྩེད་མོར་རོལ་བའི་སྐབས་སུ། ཁྱོད་ཀྱི་གོམ་པའི་འདེགས་འཇོག་བར་དང༌། ཁྱོད་ཀྱི་སེམས་ཀྱི་འཆར་སྒོ་བར་ནས་སྐད་ཅིག་སྐད་ཅིག་ལ་ཕར་འདས་པས་ན། དེ་རིང་གི་ཉི་མ་འདི་དང་ད་ལྟའི་དུས་འདི་ནམ་ཡང་ཕྱིར་ལྡོག་མི་སྲིད་པས། ཁ་སང་གི་དུས་དེ་དང་ད་ལྟའི་དུས་འདི་དམ་འཛིན་མ་བྱས་ཚེ། རང་གི་མི་ཚེ་ཆུད་ཟོས་སུ་བཏང་བ་དང་གཉིས་སུ་མ་མཆིས་སོ། །

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号