ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །སྤྱང་ཁུ་དང་མི།
སྤེལ་དུས།03-15  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      ཝ་མོ་དང་སྤྱང་ཁུས་མིའི་སྟོབས་ཤུགས་སྐོར་ལ་ཁ་བརྡ་བྱེད་སྐབས། ཝ་མོ་ན་རེ། མི་ནི་སྟོབས་དང་ལྡན་པ་ཞིག་ཡིན་པས། གལ་ཏེ་ཁྱོད་རང་མི་དང་འཕྲད་ཚེ། མྱུར་དུ་བྲོས་ན་ལེགས། མ་བྲོས་ན་ཁྱོད་ཀྱིས་སྡུག་མྱོང་བ་ཁོ་ཐག་རེད། འཛེམ་དོགས་བྱེད་མི་དགོས། མི་དང་འཕྲད་ཚེ་བྲོས་ན་དེ་ལ་སྙིང་ཆུང་སྡར་མ་མི་ཟེར་ཞེས་བཤད། སྤྱང་ཁུས་ཁོང་དགོད་ཅིག་བྱས་ནས་ན་རེ། ཅི་ཟེར། འབྲོ་དགོས་ཨེ། འཆལ་གཏམ། ང་རི་སྤྱང་སྔོན་མོ་ཞེས་པ་རྫ་ཁའི་འབྲོང་མོས་མཐོང་ན་གཟུར་ནས་འགྲོ། རྒྱ་སྟག་དམར་པོས་རིག་ན་བསྐོར་ནས་འགྲོ། ཁ་དཀར་རྐྱང་གིས་མཐོང་ན་བྲོས་ནས་འགྲོ་བ་ཞིག་ཡིན་པ་ལ། མི་དང་འཕྲད་ཚེ་ང་བྲོས་ན། ངའི་དཔའ་མིང་རྫབ་པ་མ་ཡིན་ནམ། གལ་ཏེ་མི་དང་འཕྲད་ན་ང་རང་འབྲོ་རྒྱུ་ཕར་ཞོག་ཝ་མོ་སྐྲག་ཤོར་ཁྱོད་ཀྱིས་ལྟོས་སྡོད། ང་ཡིས་དེའི་ཤུན་ལྤགས་དམར་བཤུ་བྱེད་མ་ཐུབ་ཚེ། ང་རི་སྤྱང་སྔོན་མོ་མིན་པའི་རྟགས། དཔའ་བོའི་དཔའ་ཉམས་མེད་པའི་རྟགས། ཁྱོད་ཀྱིས་ཡིད་མི་ཆེས་ན། རྣར་མི་འགྲོ་ཚེ་ད་ལྟ་ཉིད་དུ་ཚོད་ལྟ་བྱས་ཆོག་ཅེས་སྤྱང་ཁུས་ཁ་འགྲམ་ནས་ཝུ་བ་འཕྱུར་བཞིན་དེ་ལྟར་སྨོས། ཝ་མོ་ན་རེ། ཨ་ཙེ་ཙེ། དཔའ་བོ་ཟེར་བ་ངོ་མས་ཁྱོད་ཨ་བོ་སྤྱང་ཁུ་ལ་ཟེར་བ་རེད། འོ་ན། སང་ཉིན་དེད་གཉིས་ཀྱིས་མི་ཞིཀ་བཙལ་ནས་ཁྱོད་ཀྱིས་དཔའ་རྩལ་ཞིག་ངོམ་དང༌། ང་ཡིས་ཀྱང་མིག་རྒྱ་ཞིག་བསྐྱེད་པར་བྱ་ཟེར།
      ཕྱི་ཉིན། ཝ་མོས་སྤྱང་ཁུ་ཁྲིད་དེ་ལམ་ཕྲན་ཞིག་བརྒྱུད་ནས་མདུན་དུ་སོང༌། ཅང་མ་འ།སོར་བར་བགྲེས་པོ་ཞིག་དང་ཕྲད། སྤྱང་ཁུས་ཕ་གི་མི་ཞིག་རེད་ལ་ཞེས་བཤད། ཝ་མོ་ན་རེ། མིན། ཁོ་རང་སྔོན་ཆད་མི་རེད་ཟེར་ནས་བསྐྱུར།
      ཅང་མ་འགོར་བར། ཝ་མོ་དང་སྤྱང་ཁུ་གཉིས་དཔེ་ཁུག་ཁུར་ནས་སློབ་གྲྭར་འགྲོ་བའི་བྱིས་པ་ཞིག་དང་ཕྲད། སྤྱང་ཁུ་ན་རེ། འདི་ནི་མི་ཞིག་རེད་ལ་ཞེས་དྲིས། ཝ་མོ་ན་རེ། མིན། མིན། ཁོ་རང་མ་འོངས་པར་ད་གཟོད་མི་རེད་ཟེར།
      མཇུག་མཐར་རྔོན་པ་ཞིག་ཚུར་འོངས། ཝ་མོ་ན་རེ། ཨ་བོ་སྤྱང་ཁུ། ཁྱོད་ཀྱིས་ལྟོས། འདི་ད་གཟོད་མི་རེད། ཁྱོད་ལ་རྩལ་ཅི་ཡོད་ངོམ་དང་ཟེར། ཝ་མོ་སྔ་མོ་ནས་བྲོས་སོང༌། སྤྱང་ཁུ་རྔོན་པའི་སྟེང་མཆོངས། རྔོན་པས་སྤྱང་ཁུ་མཐོང་ནས། ཨ་ཤི་རེ། ཡིད་ཕངས་པ་ལ། དེ་རིང་ང་ཡི་བོའུ་མདེལ་ནི་ཟངས་མདེལ་ཡིན་ཕྱིར། བྱིའུ་ལས་མི་སོད་ཟེར། བཤད་ཞོར་དུ་སྤྱང་ཁུའི་གདོང་རིང་པོ་དེར་གཏད་དེ་བོའུ་མདེལ་ཞིག་འཕངས། སྤྱང་ཁུས་དངོས་པོ་ཞིག་རང་གི་ངོ་ལ་གཏད་ནས་འཕུར་འོངས་པ་མཐོང་འཕྲལ། མྱུར་དུ་མགོ་བོ་གཡོ་གཟུར་ཞིག་བྱས་རྗེས།སླར་ཡང་རྔོན་པའི་སྟེང་ལ་མཆོངས། རྔོན་པས་བོའུ་མདེལ་གཉིས་པ་འཕངས། སྤྱང་ཁུའི་གདོང་བལ་གསེད་གསེད་བྱས་ནས་ཁྲག་གིས་བརྫིས་བྱུང༌། སྤྱང་ཁུ་ལ་ན་ཟུག་སྐྱེས་ནས་བཟོད་བསྲན་བྱེད་དཀའ་མོད། ཡིན་ཡང༌། ཝ་མོའི་མདུན་ནས་རང་གི་ཁ་ཕོ་འཐེན་པ་ཏུར་རེར་དྲན་ནས། ཡང་རྔོན་པའི་སྟེང་ལ་མཆོངས། རྔོན་པས་ཨ་ལ། ངར་གི་ཟེར་བཞིན་གློ་གྲི་ཕྱུང་ནས་སྤྱང་ཁུའི་བརླ་ཐོག་ཏུ་ཐེངས་འགར་བསྣུན། སྤྱང་ཁུས་ངུ་རྒྱངས་ཤིག་བྱས་ཏེ། ཕྱི་མིག་ཙམ་ཡང་མི་ལྟ་བར་འཐེང་གིན་འཐེང་གིན་བྲོས་སོང༌།
      བྲོས་ནས་ཝ་མོའི་སར་བསླེབས་རྗེས། སྤྱང་ཁུས་ན་ཟུག་བསྲན་མ་ཐུབ་པར་ཁ་གཉེར་གཉེར་བྱེད་བཞིན་ངོ་ལ་སྡུག་གིས་ཁེངས་ནས་ན་རེ། ཨ་ཨ། སྐུ་ཞབས་ཝ་མོ། དཔའ་བོ་ཟེར་བ་མི་ལ་ཟེར། མི་ལ་དེ་འདྲའི་མཐུ་སྟོབས་ཆེ་བ་ང་ཡིས་སེམས་ལའང་མ་ཤར། མི་དེས་དང་ཐོག་ཕྲག་ནས་དབྱུག་རིང་ཞིག་བླངས་ནས་དབུགས་ཤིག་བརྒྱབ་པས། དངོས་པོ་ཞིག་ང་ཡི་གདོང་ལ་འཕུར་འོངས། ཚ་ལམ་ལམ་ང་ཡི་ངོ་གདོང་མེ་ཡིས་འཚིག་འདྲའི་ན་ཟུག་སྐྱེས། དེ་ནས་ཁོས་ཡང་དབྱུག་པ་དེར་དབུགས་བརྒྱབ་པ་ན། དངོས་པོ་ཞིག་ང་ཡི་གདོང་ལ་ཆར་བ་འབབ་འབབ་བྱས། མཐའ་མར་ཁོ་ཡིས་ལུས་ནས་རྩིབ་རུས་ཤིག་དཔྱངས་ནས་ང་ལ་བརྒྱབ། ང་ལ་ན་ཟུག་བཟོད་བསྲན་བྲལ་བས་བྲོས་ནས་འོངས། ཨ་ཙེ་ཨ་ཙེ། འབྲོ་འཕྱི་ན་སྲོག་ཀྱང་འཆོར་སྲིད། ངར་བ་རེད། མི་ཟེར་བ་དེ་ངོ་མས་ངར་བ་ཤ་སྟག་རེད་ཟེར་བཞིན་མགོ་བོ་འཕྲེད་ལ་གཡུགས། ཝ་མོ་ན་རེ། ཁྱི་ལབ་འཐེན་ཆེ་དྲགས་ཨང༌། སྲོག་མ་ཤོར་བར་དགའ་བར་གྱིས་ཟེར་ནས་ཁ་ལག་པས་ཟུམ་ནས་གད་མོ་བགད།
གྲོགས་པོ་ཆུང་ཆུང་ཚོ། སྐབས་ལ་ལར་ང་ཚོས་རང་ཉིད་ནི་རྒྱ་མཚོའི་ཁྲོད་ཀྱི་ཆུ་ཐིགས་ཟེགས་མ་གཅིག་ཡིན་པ་ལས། ནོར་བུ་གླིང་གི་རིན་ཆེན་མུ་ཏིག་ཅིག་མིན་པ་ཤེས་དགོས། གལ་ཏེ་ཁྱོད་རང་རིན་ཐང་ལྡན་པའི་རིན་ཆེན་མུ་ཏིག་ལྟ་བུ་དང་རྒྱུ་སྐར་ཁྲོད་ཀྱི་ཟླ་བ་ཇི་བཞིན་ཀུན་ལས་འཕགས་པ་ཞིག་བྱེད་འདོད་ཚེ། ཁྱོད་ལ་ཀུན་ལས་འཕགས་པའི་མཐུ་ནུས་ལྡན་དགོས། ཡིན་ཡང༌། མཐུ་ནུས་དེ་ལྟ་བུ་ལྡན་དགོས་ན། དེས་པར་དུ་གཞན་ལས་ལྷག་པའི་བརྩོན་པ་ཆུ་བོའི་རྒྱུན་བཞིན་སྐྱོང་དགོས། སློབ་གྲོགས་ཚོ། རང་ཉིད་ལ་ནུས་པ་ཅི་ལྡན་ཡང་འུར་བསྟོད་བྱས་དྲགས་ན། ཐ་མར་རང་སྡུག་རང་གིས་ཉོ་བ་ཡིན་པས། ཨ་བོ་སྤྱང་ཁུའི་རྣམ་ཐར་སྐྱོང་མི་འོས་སོ། །

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号