ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །ཕོ་བྱ་རྒྱལ་པོ།
སྤེལ་དུས།03-15  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      འདབ་ཆགས་ཀྱི་རྒྱལ་ཁབ་ཆུང་ངུ་ཞིག་ན་ང་རྒྱལ་ཆེ་བའི་ཕོ་བྱ་ཞིག་ཡོད། ཕོ་བྱ་དེ་ཉིན་རེར་རུ་དཔུང་ལ་གཟིགས་ཞིབ་བྱེད་པའི་རྒྱལ་པོ་ཞིག་དང་མཚུངས་པར་རྫིག་རྔམ་སྟོན་བཞིན་མགོ་འཕང་མཐོན་པོར་བཏེགས་ནས་བྱ་ཁྱུའི་ཁྲོད་ཕར་འགྲོ་ཚུར་འོང་བྱས།
      ཉིན་ཞིག་ལ། ཕོ་བྱ་དེ་གྱང་ཐུང་ཞིག་གི་སྟེང་འགྲེང་ནས་བྱ་ཕོ་བྱ་མོ་བྱ་ཕྲུག་རྣམས་ལ་ན་རེ། གི་གི་གི་གི་གི་གི་ཝང༌། ང་ནི་ཕོ་བྱ་རྒྱལ་པོ་ཡིན། །བྱ་དཀར་བྱ་སེར་བྱ་ནག་ཚོ། །རྣ་བ་ཀྱོར་ཀྱོར་བྱས་ལ་ཉོན། །གྲུ་བཞི་ས་ཡི་ས་ཁ་ན། །ཧ་ཅང་མཛེས་ཤིང་མཛེས་པ་དེ། །སུ་ཡིན་མ་གསང་དྲང་མོར་ཤོད། །གོར་གོར་གནམ་གྱི་གནམ་འོག་ན། །ཧ་ཅང་དཔའ་ཞིང་དཔའ་བ་དེ། །སུ་ཡིན་གཏམ་ལན་དྲང་མོར་ཤོད། །ཅེས་བརྗོད་པས། བྱ་ཡོད་དོ་ཅོག་དེའི་རྫིག་ཉམས་ལ་འཇིགས་ནས་སྐྲག་སྐྲག་འདར་འདར་ངང་དེའི་མཐའ་བསྐོར་ནས་ན་རེ། གུས་ཤིང་གུས་པའི་རྒྱལ་པོ་ལགས། །དོག་མོ་ས་ཡི་ས་ཁ་ན། །ཡངས་པོ་གནམ་གྱི་གནམ་འོག་ན། །ཁྱོད་ཀྱི་སྟོབས་ལ་འགྲན་ཟླ་བྲལ། །ཁྱོད་ཀྱི་མཛེས་སྡུག་སྲིད་ན་དརྐོན། །ཞེས་བསྟོད་གླུ་བླངས།
       ཕོ་བྱ་རྒྱལ་པོ་འཛུལ་དམུལ་ལེར་མགོ་འཕང་ལྷག་པར་ཇེ་མཐོར་སོང་ཞིང༌། ང་རྒྱལ་ལྷག་པར་ཇེ་ཆེར་སོང་ནས། གི་གི་གི་གི་གི་གི་ཝང༌། འཛམ་བུ་གླིང་གི་གླིང་འདི་ན། །སྲོག་ཆགས་རྒྱལ་པོའི་ང་རོ་ལས། །སྐད་གདངས་མཐོ་ཞིང་མཐོ་བ་དེ། །སུ་ཡིན་མ་གསང་དྲང་མོར་ཤོད། །གོ་ལ་ཟླུམ་པོའི་ཁྱོན་འདི་ན། །ཁུ་བྱུག་སྔོན་མོའི་གསུང་སྙན་ལས། །མགྲིན་གླུ་སྙན་ཞིང་སྙན་པ་དེ། །སུ་ཡིན་གཏམ་ལན་དྲང་མོར་བརྗོད། །ཅེས་སླར་ཡང་དྲིས་བྱུང༌། བྱ་རྣམས་ཀྱིས་ཡང་སྐྲག་སྐྲག་འདར་འདར་ངང་མགྲིན་གཅིག་ཏུ། གུས་ཤིང་གུས་པའི་རྒྱལ་པོ་ལགས། །འཛམ་བུ་གླིང་གི་གླིང་འདི་ན། །སྐད་གདངས་སེང་གེ་ལས་ཆེ་བ། །རྒྱལ་པོ་ཁྱེད་ལས་གཞན་ནི་སུ། །གོ་ལ་ཟླུམ་པའི་ཁྱོན་འདི་ན། །གསུང་དབྱངས་ཁུ་བྱུག་ལས་སྙན་པ། །རྒྱལ་པོ་ཁྱེད་ལས་ཡོད་མ་ཡིན། །ཞེས་བསྟོད་དབྱངས་གྱེར།
བྱ་རྣམས་ཀྱི་བསྟོད་དབྱངས་ལ་ཉན་རྗེས། ཕོ་བྱ་རྒྱལ་པོ་དེ་ལྷག་པར་ང་རྒྱལ་གྱིས་འགེངས་ནས། ཉིན་མཚན་མེད་པར། གི་གི་ཝང༌། གི་གི་ཝང་ཞེས་སྐད་བརྒྱབ་ནས་གྲགས་ཕྱིར། མིའི་རྒྱལ་པོའི་ཇ་མ་ཞིག་ལ་སུན་སྣང་བཟོས་ཏེ། ཁོས་ཕོ་བྱ་རྒྱལ་པོའི་སྐེ་ལོ་གཅུས་ནས་སློག་སློག་ཏུ་གདུ་བཞིན་པའི་ཆུ་ནང་དུ་བཙོས། ཅང་མ་འརྒོར་བར། ཕོ་བྱ་རྒྱལ་པོ་དེ་མིའི་རྒྱལ་པོའི་ཁ་ཟས་སུ་གྱུར་སོང༌།
གྲོགས་པོ་ཆུང་ཆུང་ཚོ། འཛམ་བུ་གླིང་འདི་ན་ཆེས་ཆེ་ཞིང་ཆེས་རྣམ་པར་རྒྱལ་དཀའ་བའི་དགྲ་བོ་ནི་ཏག་ཏག་རང་ཉིད་ཡིན། ནམ་རྒྱུན་རང་ཉིད་བརླག་མཁན་དང་རང་ལ་གནོད་སྐྱེལ་མཁན་ནི་རྟག་པར་གཞན་མ་ཡིན་པར་རང་ཉིད་ཡིན་པ་སྟེ། ང་རྒྱལ་དང༌། འདོད་ཧམ། ཞེ་སྡང༌། བླུན་རྨོངས་སོགས་རང་སེམས་མ་གཅུན་པར་རྒྱ་ཡན་དུ་བཏང་བ་ལས་བྱུང་བའི་མཇུག་འབྲས་རེད། དེ་བས། རང་སེམས་ལ་བྱི་དོར་དང༌། བྱ་བྱེད་ལ་ཀུན་སྤྱོད་ཀྱིས་དག་བཅོས་བྱེད་རྒྱུ་ནི་ཚེ་གང་བོར་དོ་སྣང་བྱེད་དགོས་པ་ཞིག་རེད།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号