ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །སྤྱང་མ་ཀ་ཀོ་མ་དང་ཝ་མོ་ཐ་ཀོ་མ།
སྤེལ་དུས།03-15  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      སྤྱང་མ་ཀ་ཀོ་མས་སྤྱང་ཕྲུག་ཅིག་བཙས། ཟླ་ཁ་གང་རྗེས་བཙས་སྟོན་བཤམས་ནས་ཝ་མོ་ཐ་ཀོ་མ་མགྲོན་དུ་གདན་དྲངས་ཏེ་བུ་ཡི་དགེ་རྒན་ལ་བསྟེན་ནས་ན་རེ། ཝ་མོ་ནི་ང་ཚོའི་ཉེ་རིང་ཡིན་པ་མ་ཟད། མཁྱེན་རྒྱ་ཡངས་ཤིང་བློ་གྲོས་ལྡན་ཕྱིར། ང་ཡི་བུ་འདི་ལ་འཇིག་རྟེན་འཚོ་བའི་གནས་ལུགས་དང་འཚོ་བའི་ཐབས་ཤེས་རེ་འཁྲིད་རོགས་ཞུ་ཞེས་སྨོས། ཝ་མོས་གདོང་ལ་བཅོས་མའི་འཛུམ་ཞིག་ལངས་ནས་གཞུང་དྲང་ཡིན་ཁུལ་གྱིས་སྙིང་ཉེ་བའི་ཀ་ཀོ་མ་ལགས། ཁྱོད་ཀྱིས་ང་ལ་འདི་ལྟར་ཡིད་ཆེས་བྱས་པར་བཀའ་དྲིན་ཆེ། ཁྱོད་ཀྱི་བུ་ནི་ང་ཡི་བུ་དང་འདྲ་བས། ང་ཡིས་ཁྱོད་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་ཟེར། ཝ་མོ་ཐ་ཀོ་མས་རྒྱས་ཟ་རྒྱས་འཐུང་བྱས་རྗེས་སྒྲེགས་པ་ཆིལ་ལི་ལི་དང་བཅས་ཀ་ཀོ་མ་ལ། སྙིང་ཉེ་བའི་ཀ་ཀོ་མ་ལགས། འཇིག་རྟེན་འདིར་འཚོ་བཞེས་བཟང་པོ་བྱ་བསམ་ན་ཐོག་མར་ལུས་པོ་སྟོབས་དང་ལྡན་པ་ཞིག་ཡོད་དགོས། ཁྱོད་ཀྱི་བུའི་ལུས་པོ་སྟོབས་དང་ལྡན་པ་ཞིག་ཡོང་དགོས་ན། འདི་ལྟ་བུའི་དཀར་ཟས་དཀར་ཆུ་ཡིས་མི་ཆོག་པར་ལུག་ཤ་ཚོན་པོ་དགོས། ང་ཡིས་ལུག་ར་ཞིག་ཤེས། སང་ཉིན་ང་ཚོ་འགྲོ་དང་ལས་སླ་མོར་ལུག་ཤ་ཚོན་པོ་ལག་ཏུ་འཐོབ་ཐུབ་ཟེར། སྤྱང་མ་ཀ་ཀོ་མས་ཐོས་རྗེས་ཝ་མོ་ཐ་ཀོ་མའི་སྐད་ཆ་ཤིན་ཏུ་བདེན་སྙམ།
      ཕྱི་ཉིན་ཉི་མ་ནུབ་མ་ཐག་ཝ་མོ་ཐ་ཀོ་མས་སྤྱང་མ་ཀ་ཀོ་མ་ཁྲིད་དེ་ནགས་འདབས་ཀྱི་སྡེ་བ་ཞིག་ལ་སོང་བ་དང༌། སྡེ་བ་དེའི་ཁྱིམ་ཚང་ཞིག་གི་ལུག་ར་བསྟན་ནས་ན་རེ། ཁྱོད་ཀྱིས་ལྟོས་དང༌། ལུག་དེ་འདྲ་མང་པོ་ཞིག་ཡོད་པ་མཐོང་ངམ། ཁྱོད་སོང་ལ་ལུག་ཚོན་པོ་ཞིག་སོད་དང༌། ང་ཡིས་སོ་བ་བྱེད་ཟེར། སྤྱང་མ་ཀ་ཀོ་མ་སོང་བ་དང་ཝ་མོ་ཐ་ཀོ་མས་རྩྭ་སྟུག་ས་ཞིག་བཙལ་ནས་རྐང་ལག་བསྲིངས་ཏེ་ཉལ་ནས་བསྡད། སྤྱང་མ་ཀ་ཀོ་མ་ལག་འཇབ་རྐང་འཇབ་ངང་ལུག་རའི་ནང་འཛུལ།ལུག་རའི་ནང་ཁྱི་རྒན་རྒྱ་སྟག་འདྲ་བ་ཞིག་ལྕགས་ཐག་རིང་མོ་ཞིག་གིས་བཏགས་འདུག་པ་དེས་སྤྱང་མ་ཀ་ཀོ་མ་མཐོང་བ་དང་སིལ་ལི་ལི་ལྕགས་ཐག་དྲུད་ནས་རྦོབ་བྱུང༌། ཁྱིམ་བདག་གིས་ཁྱིའི་རྦོབ་སྐད་ཐོས་ནས་བརྒྱུགས་འོངས་ཏེ་མདའ་མོ་གཅིཀ་འཕྲོར་གཅིག་ལ་འཕངས་བྱུང༌། ཀ་ཀོ་མ་སྲོག་བསྡོས་ནས་ཕྱིར་བྲོས། ལམ་སྐེད་དུ་ཝ་མོ་ཐ་ཀོ་མ་དང་ཕྲད།ཐ་ཀོ་མས་སྤྱང་མ་ཀ་ཀོ་མ་དབུགས་འཚུབ་ཀྱིན་བྲོས་འོངས་པ་མཐོང་སྐབས་ལྐོག་ནས་ཁོང་དགོད་ཅིག་བྱས་ནས་ན་རེ། སྙིང་ཉེ་བའི་ཀ་ཀོ་མ་ལགས། ཁྱིམ་བདག་དེས་སྔ་མོ་ནས་ང་ཚོ་འོང་བ་ཤེས་འདུག་པ་འདྲ། ཁྱོད་རང་ལུག་རར་མ་ཐོན་གོང་རྗེས་དེད་དེ་མདའ་མོ་གཞུ་ལ་དྲངས། ང་ཡིས་ཁྱོད་སྲུང་ཆེད་སྲོག་ཕར་བསྔོས་བྱས་ནས་ཁྱིམ་བདག་དང་འཐབ་པ་ཡིན། དེ་མིན་ཚེ་ཁྱོད་རང་སྔ་མོ་ནས་ཁྱིམ་བདག་དེས་བསད་ཚར། ང་ཡི་རྐང་པར་རྨས་ཕོག་ནས་ད་ལྟ་གོམ་པ་གང་ཡང་སྤོ་མི་ཐུབ་ཟེར། སྤྱང་མ་ཀ་ཀོ་མས་ཝ་མོ་ཐ་ཀོ་མའི་སྐད་ཆར་དོགས་པ་སྤུ་ཙམ་ཡང་མ་ཟོས་པར། ཐ་ཀོ་མས་རང་གི་སྲོག་བསྐྱབས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་ཤིང༌། ཝ་མོ་ཐ་ཀོ་མ་ཁུར་ནས་ཕྱིར་འོངས། ཡུལ་དུ་བསླེབས་རྗེས་སྤྱང་མ་ཀ་ཀོ་མས་ཝ་མོ་ཐ་ཀོ་མ་རང་ཁྱིམ་དུ་འདུག་ཏུ་བཅུག་ནས། ཉིན་རེར་ཁ་ཟས་ཞིམ་པོ་སྦྱིན་ནས་གཉོར་སྐྱོང་བྱས། དུས་ཡུན་རིང་པོ་ཞིག་ལ་སྤྱང་མ་ཀ་ཀོ་མ་ཕྱི་རུ་སོང་ནས་ཁ་ཟས་འཚོལ།
      ཉིན་ཞིག་ལ་ཀ་ཀོ་མས་དེ་ཕོ་གཉིས་བཟུང་འོངས། ཀ་ཀོ་མ་ཤིན་ཏུ་དགའ་ནས། དེ་ཕོ་གཅིག་དེ་རིང་དང་གཅིག་སང་ཉིན་ཟ་ཟེར་བཞིན་དེ་ཕོའི་ཤ་གཅིག་ཕྱིའི་སྦས་ཁང་དུ་བཞག ཕྱི་ཉིན་ཀ་ཀོ་མ་སྔར་བཞིན་ཕྱི་རུ་སོང་ནས་ཁ་ཟས་འཚོལ། ཕྱིར་འོངས་དུས་སྦས་ཁང་ནང་གི་དེ་ཕོའི་ཤ་དེ་གར་སོང་ཆ་མེད་དུ་གྱུར། ཝ་མོ་ཐ་ཀོ་མས་གནོང་སེམས་དང་བཅས་ཏེ་ན་རེ། ང་ལན་པ་རེད། གལ་ཏེ་ང་ལངས་ནས་བགྲོད་ཐུབ་ཚེ། ཁྱོད་ཀྱི་བུ་ཕྲུག་ལ་ལྟ་རྟོག་བྱེད་ཐུབ་ཟེར། ཀ་ཀོ་མས་རྒྱུ་མཚན་ཅི་ཡང་མི་འདྲི་བར་རང་གི་བུ་ལ་གཅར་རྡུང་ཞིག་བྱས།
      དེའི་ཕྱི་ཉིན། སྤྱང་མ་ཀ་ཀོ་མས་ཡང་རི་བོང་གཉིས་འཛིན་ཐུབ་སོང༌། ཁོ་ཚོས་གཅིག་ཟོས་ཤིང་གཅིག་གསོག་འཇོག་བྱས་ནས་སྦས་ཁང་དུ་བཞག དེའི་ཕྱི་ཉིན། སྤྱང་མ་ཀ་ཀོ་མས་ཕྱི་ནས་ཁ་ཟས་འཚོལ་ནས་ཕྱིར་ཐོན་པ་ན། སྦས་ཁང་ནང་གི་རི་བོང་གི་ཤ་དེ་ཡང་མཐོང་རྒྱུ་མེད་སོང༌། ཝ་མོ་ཐ་ཀོ་མས་དངན་པ་འཐེན་བཞིན་ཨ་ཤི་རེ། ཚང་མ་ང་ལན་པ་རེད། གལ་ཏེ་ང་ལངས་ནས་བགྲོད་ཐུབ་ཚེ། ཁྱོད་ཀྱི་བུ་ཆུང་ལ་ལྟ་རྟོག་བྱེད་ཐུབ་ཅེས་སྨོས། སྤྱང་མ་ཀ་ཀོ་མས་ཡང་བུ་ཆུང་གིས་ཅི་བཤད་ལ་མི་ཉན་པར་གཅར་རྡུང་ཞིག་བྱས། 
      ཉིན་འགའི་རྗེས་སུ། སྤྱང་མ་ཀ་ཀོ་མས་སྲེ་མོང་གཉིས་བཟུང་ནས་ཡང་གཅིག་སྦས་ཁང་དུ་བཞག ཕྱི་ཉིན་ནངས་མོ་ཀ་ཀོ་མ་ནམ་རྒྱུན་དང་འདྲ་བར་ཕྱི་རུ་ཁ་ཟས་འཚོལ་དུ་ཕྱིན། ལམ་སྐེད་དུ་གློ་བུར་དུ་འབྲུག་ལྡིར་ཆར་ཆེན་བབས་པས་ཕྱིར་མི་ལོག་ཐབས་མེད་སོང༌། རང་ཁྱིམ་གྱི་སྒོ་ཁར་ཐོན་དུས་བུ་ཆུང་གི་ངུ་སྐད་ཐོས་བྱུང༌། སྒོ་ཕྱེ་ནས་བལྟས་པ་ན། ཝ་མོ་ཐ་ཀོ་མས་སྦས་ཁང་གི་སྒོ་ཁ་ན་སྲེ་མོང་གི་ཤ་འགེམ་བཞིན་ཡོད་ལ། བུ་ཆུང་གིས་དེའི་རྔ་མར་འཇུས་ནས་ངའི་ཨ་མའི་སྲེ་མོང་གི་ཤ་མ་ཟ་ཞེས་ངུ་འབོད་བྱེད་ཀྱིན་པ་མཐོང༌། ཨ་ཁ་ཁ། ཨ་གཞིར་གཏེ་ངན་ཁྱོད་རེད་ལ། སྤྱང་མ་ཀ་ཀོ་མ་ཁ་ཁྲོ་ཁ་ནས་ལངས་ཤིང་ཞེ་ཁྲོ་གཏིང་ནས་ལངས་ནས་ངར་སྐད་སྒྲོག་གིན་ཐ་ཤལ་གྱི་ཐ་ཀོ་མར་ཐལ་སྐྱ་གཏོར་ནས་མཐར་བསྐྲད་དོ། །
      གྲོགས་པོ་ཆུང་ཆུང་ཚོ། མི་དང་མིའི་བར་གྱི་འབྲེལ་འདྲིས་ནི་ཤིན་ཏུ་གཏིང་ཟབ་པའི་ཤེས་བྱ་ཞིག་རེད། དེའི་ཁྲོད་ཀྱི་ཤིན་ཏུ་སླ་ཞིང་གོ་བདེ་བའི་གནས་ལུགས་ཤིག་ནི་ཕན་ཚུན་ལ་གཞུང་དྲང་དང་བློ་གཏོད་བྱེད་དགོས་པ་དེ་རེད། ཁྱོད་ཀྱིས་གཞན་ལ་བློ་གཏད་ཚེ་གཞན་གྱིས་ད་གཟོད་ཁྱོད་ལ་སེམས་སྟེར་སྲིད། གྲོགས་པོའི་ཡིད་ཆེས་དང་གཞུང་དྲང་བེད་སྤྱད་དེ་རང་དོན་ཁོ་ན་གཉེར་བ་དང༌། རང་དོན་ཁོ་ནའི་ཆེད་དུ་གྲོགས་པོར་གནོད་སྐྱེལ་བ། རང་གི་ཁེ་ཕན་གྱི་ཆེང་དུ་གཞན་དང་ཐ་ན་རང་གི་གྲོགས་པོའི་ཁེ་ཕན་ལ་གནོད་སྐྱེལ་བར་འཛེམས་བག་མེད་པ་ནི་ཐ་ཤལ་གྱི་སྤྱོད་པ་རེད།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号