ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །འཕྲིན་ཡིག་རྫུན་མ་ཞིག
སྤེལ་དུས།03-15  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      གནའ་བོའི་རྒྱ་གར་ཡུལ་ན། ཤིན་ཏུ་སྟོབས་ཆེ་བའི་རྒྱལ་ཁབ་ཅིག་ཡོད། རྒྱལ་ཁབ་དེ་ལ་ནུས་པ་ཅན་གྱི་བློན་ཆེན་གཉིས་ཡོད་པའི་གཅིག་གི་མིང་ལ་བློ་ལྡན་དང་གཅིག་གི་མིང་ལ་རིག་ལྡན་ཟེར། བློ་ལྡན་ནི་བློ་གྲོས་འཛོམས་པ་དང་རིག་ལྡན་ནི་རིག་པ་གྲུང་ཕྱིར། བློ་ལྡན་གྱིས་བློ་གྲོས་རྩལ་དང་རིག་ལྡན་གྱིས་རིག་པའི་མཐུ་ལ་བརྟེན་ནས་རྒྱལ་ཁབ་ལ་བྱས་རྗེས་མི་དམན་པ་བཞག་པ་རེད།
      ཡིན་ནའང༌། བློན་ཆེན་གཉིས་སྲིད་ཀྱི་ཐད་ལ་བཞེད་དགོངས་མི་མཐུན་པས། ཀ་ཡིས་ཀ་དང་ཁ་ཡིས་ཁ་བཤད་ནས། རྟག་པར་བྱ་བ་ཕྲན་ཚེགས་རེའི་ཐད་ནས་ཀྱང་ཁ་ནས་ཚིག་རྩོད་དང་ཁོག་ནས་འགྲན་རྩོད་བྱས་ནས་མཚམས་མི་འཇོག རྒྱལ་པོས་ཐེངས་མང་པོར་འདུམ་བྱས་ཀྱང་མ་ཕན་པར། རྒྱལ་པོ་འུ་ཐུག་ནས་བློན་པོ་རིག་ལྡན་རྒྱལ་ཕྲན་ཞིག་གི་མངའ་བདག་ལ་མངགས།
      བློན་ཆེན་བློ་ལྡན་དང་རིག་ལྡན་གཉིས་ཁ་ཁར་གྱེས་ནས་ཡུན་རིང་སོང་རྗེས། གཉིས་ཀས་ཕན་ཚུན་གྱི་བློ་གྲོས་དང་རིག་པའི་དགེ་མཚན་ལྷག་པར་རྟོགས་ནས། ཁོ་གཉིས་བར་གྱི་འགལ་བ་ཞི་ལྷོད་དུ་གཏོང་བའི་འདུན་པ་སྐྱེས་མོད། ཡིན་ནའང༌། ཁོ་གཉིས་ཀས་སུས་ཀྱང་ཐོག་མར་ཅིག་ཤོས་ལ་མགོ་སྒུར་མ་འདོད། རྒྱལ་པོས་ཁོ་གཉིས་ཀྱི་བསམ་བློ་རྟོགས།
      ཉིན་ཞིག་ལ། གོན་པ་ཧྲལ་ཧྲུལ་གོན་པའི་མི་ཞིག་མངའ་བདག་རིག་ལྡན་གྱི་སྒར་ལ་འོངས་ནས། རུམ་ནས་འཕྲིན་ཡིག་ཅིག་བླངས་ཏེ་ན་རེ། མངའ་བདག་རིན་པོ་ཆེ། འདི་ནི་བློན་ཆེན་བློ་ལྡན་གྱི་ཕྱག་བྲིས་ཡིན། ཁོང་གིས་བདག་ལ་དངོས་སུ་ཁྱེད་ཀྱི་ཕྱག་ཏུ་སྤྲོད་དསོས་པའི་བཀའ་བསྒོས། ད་བདག་གི་ལས་གྲུབ་པའི་བརྡ་ལ་མངའ་བདག་ཁྱེད་ཀྱི་ཕྱག་ལན་དང་བྱ་དགའ་དགོས་ཟེར། མངའ་བདག་རིག་ལྡན་གྱིས་འཕྲིན་ཡིག་བླངས་ནས་གཟིགས་ཀྱིན་ན་རེ། མི་དཔེ། དཔེ་མི་སྲིད། བློ་ལྡན་དང་དེད་གཉིས་ཁྱི་དང་ར་ཡིན་ཕྱིར། ཁོས་བདག་ལ་འཕྲིན་ཡིག་སྤྲིངས་དོན་མེད། འདི་དེས་པར་དུ་འཕྲིན་ཡིག་རྫུན་མ་ཞིག་ཡིན་ཁོ་ཐག་རེད་ཟེར། ཡིག་ཁྱེར་གྱིས་བློན་ཆེན་བློ་ལྡན་གྱིས་ཁོ་རང་མངགས་པ་ཡིན་ཞེས་ཚིག་སྟེང་མནའ་ཡིས་མནན་ཕྱིར། མངའ་བདག་རིག་ལྡན་གྱིས་ཐེ་ཚོམ་ཟ་བཞིན། བདག་གིས་བརྟག་དཔྱད་ཅིག་བྱ། གལ་ཏེ་འཕྲིན་ཡིག་བློན་ཆེན་བློ་ལྡན་གྱི་སྤྲིངས་པ་བདེན་པ་ཡིན་ཚེ། བདག་གིས་ཁྱོད་ལ་བྱ་དགའ་དམར་པོ་སྦྱིན། གལ་ཏེ། ཁྱོད་ཀྱིས་བདག་གི་མགོ་གཡོག་བསམ་ཚེ། ཁྱོད་རང་ཁྲིམས་ལ་སྦྱོར་དེས་ཟེར།
      ཁོས་དེ་མ་ཐག་བློན་ཆེན་བློ་ལྡན་སར་ཕོ་ཉ་མངགས། བློན་ཆེན་བློ་ལྡན་གྱི་དོན་དེ་ཐོས་ནས་དང་ཐོག་སེམས་ལ་ཡ་མཚན་ཞིག་སྐྱེས། དེ་མ་ཐག་ཡིད་ལ་བདེན་མིན་གང་ཡང་རུང༌། དོན་འདི་བེད་སྤྱད་ནས་བདག་དང་རིག་ལྡན་བར་གྱི་འགལ་བ་ཞི་ལྷོད་དུ་གཏོང་ཐུབ་ཚེ།བདག་གི་འདུན་མོས་མ་ཡིན་ནམ་སྙམ། དེ་ནས་ཁོས་མངའ་བདག་རིག་ལྡན་ལ་འཕྲིན་ཡིག་ཅིག་བྲིས་ཤིང༌། འཕྲིན་ཡིག་ནང་ཡར་སྔོན་ཁྱེད་ལ་འཕྲིན་ཡིག་སྤྲིངས་པ་བདེན་པས། བདག་གི་ཡིག་ཁྱེར་དེ་ལ་བྱ་དགའ་གནང་རོགས་ཞུ་ཞེས་བྲིས།
      ཉིན་འགའི་རྗེས་སུ། མངའ་བདག་རིག་ལྡན་གྱིས་མངགས་པའི་ཕོ་ཉས་བློན་ཆེན་བློ་ལྡན་གྱི་ཕྱག་བྲིས་ཁྱེར་ནས་ཕྱིར་འོངས། མངའ་བདག་རིག་ལྡན་ཧ་ཅང་དགའ། ཁོས་ཡིག་ཁྱེར་དེ་ལ་གསེར་དངུལ་དང་རིན་པོ་ཆེ་མང་པོ་བྱ་དགར་བྱིན་པ་དང༌། བློན་ཆེན་བློ་ལྡན་བར་གྱི་འགལ་བའང་ཇེ་ལྷོད་དུ་སོང༌། སྔོན་གྱི་ཡིག་ཁྱེར་དེ་ཕྱིར་རྒྱལ་མཁར་དུ་ལོག་རྗེས། བློན་ཆེན་བློ་ལྡན་ཚང་ལ་སོང་ནས་ན་རེ། བློན་ཆེན་རིན་པོ་ཆེ། བདག་གིས་ཁྱོད་ཀྱི་ཕྱག་བྲིས་རྫུན་མ་བྲིས་ནས་མངའ་བདག་རིག་ལྡན་ལ་སྦྱིན་པས། བདག་ལ་ཉེས་པ་ཡོད། ཁྱེད་ཀྱིས་བདག་ཁྲིམས་ལ་སྦྱོར་བར་ཞུ་ཟེར། བློན་ཆེན་བློ་ལྡན་གད་མོ་ཤོར་ནས་ན་རེ། ཁྱོད་ཀྱིས་མངའ་བདག་རིག་ལྡན་དང་དེད་གཉིས་བར་གྱི་འགལ་བ་ཞི་ལྷོད་དུ་བཏང་བས། བདག་གིས་ཀྱང་ཁྱོད་ལ་བྱ་དགའ་སྦྱིན་འོས་ཟེར་ནས། གསེར་དངུལ་དང་རིན་པོ་ཆེ་མང་པོའི་བྱ་དགའ་བྱིན།
      ཉིན་དེའི་མཚན་མོ། ཡིག་ཁྱེར་དེས་མངའ་བདག་རིག་ལྡན་དང་བློན་ཆེན་བློ་ལྡན་གཉིས་ཀྱིས་གནང་བའི་གསེར་དངུལ་དང་རིན་པོ་ ཆེ་མང་པོ་ཁྱེར་ནས་མི་ཞིག་དང་ཕྲད་ཅིང༌། བདག་གིས་ལས་བསྒྲུབས་ཚར་རོ། ། གསེར་དངུལ་དང་རིན་པོ་ཆེ་འདི་དག་ཅི་བྱ་ཅེས་དྲིས་པས། མི་དེས་དེ་དག་ཁྱོད་ལ་འབབ་འོས་པ་ཡིན་པས། ཁྱོད་རང་གིས་འཁྱེར།འདི་ནི་བདག་གིས་ཁྱོད་ལ་སྦྱིན་པའི་བྱ་དགའ་ཡིན་ཟེར་ནས་བྱང་བུ་ཞིག་སྦྱིན། ཡིག་ཁྱེར་དེས་བྱང་བུ་ལ་ལྟ་ཡག་ཅིག་བྱས་རྗེས་དགའ་ནས་ཕྱིན་སོང༌། དེ་ནས་བཟུང༌། བློན་ཆེན་བློ་ལྡན་དང་མངའ་བདག་རིག་ལྡན་གཉིས་ཀྱིས་བློ་ཁ་གཅིག་ཏུ་མཐུན་ནས་རྒྱལ་པོར་རྒྱལ་སྲིད་སྐྱོང་རོགས་བྱས་པས། རྒྱལ་ཁབ་དེ་ཡང་ཉེ་རིང་ཀུན་ཏུ་འགྲན་པའི་ཟླ་དང་བྲལ་བའི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་གྱུར།
      དེ་ལྟར་འཕྲིན་ཡིག་རྫུན་མ་ཞིག་གིས་མ་གཞིར་སྲིད་ཀྱི་བཞེད་དགོངས་མི་མཐུན་པར་ཁྱི་དང་ར་ལྟ་བུར་གྱུར་བའི་དགྲ་ཟླ་གཉིས་ཆབ་སྲིད་སྟེང་ཕན་ཚུན་རམ་འདེགས་བྱེད་པའི་གྲོགས་པོར་འགྱུར་དུ་བཅུག
      གྲོགས་པོ་ཆུང་ཆུང་ཚོ། གཏམ་རྒྱུད་འདིའི་ནང་གི་ཡིག་ཁྱེར་མངགས་མཁན་དེ་དང་ཡིག་ཁྱེར་ལ་བྱང་བུ་གནང་མཁན་དེ་སུ་ཡིན་ནམ། ཡིག་ཁྱེར་དེ་ལ་གནང་བའི་བྱང་བུ་དེའི་ནང་དོན་གྱི་ཡང་སྙིང་ཅི་ཞིག་ཡིན་ནམ། ཁྱོད་ཚོས་ཤེས་སམ། གྲོགས་པོ་ཚོ། ཁྱོད་དང་ཁྱོད་ཀྱི་གྲོགས་པོའི་བར་འགལ་བ་བྱུང་མྱོང་ངམ། གལ་ཏེ་བྱུང་མྱོང་ཚེ། སྔོན་ན་སྐྱོན་དེས་ལེན་བྱེད་མཁན་སུ་ཡིན། མི་དང་མིའི་བར་ལ་འགལ་བ་བྱུང་བ་ནི་ཧ་ཅང་རྒྱུན་ལྡན་ཞིག་རེད། གནད་འགག་ནི་འགལ་བ་ཇི་ལྟར་ཐག་གཅོད་རྒྱུ་དེ་རེད། སྐབས་ལ་ལར་ཐུགས་རྒྱལ་མ་བཞེངས་ཞེས་པ་ལྟ་བུའི་སྐད་ཆ་ཚིག་གཅིག་གིས་ཀྱང་སླར་ཡང་གྲོགས་པོ་གཅིག་ཇེ་མང་དུ་འགྲོ་སྲིད།
      ཁ་དཔེ་ལའང༌། དགྲ་གཅིག་ཡོད་ན་ཉུང་རྒྱུ་མེད། གྲོགས་བརྒྱ་ཡོད་ཀྱང་མང་རྒྱུ་མེད་ཟེར། ཁྱོད་ཀྱིས་བལྟས་ན་དེ་ལྟར་ཨེ་རེད།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号