ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །གླག་རྒྱལ་པོ་དང་བྱི་ལོང་གི་གཏམ་རྒྱུད།
སྤེལ་དུས།03-15  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      གླག་རྒྱལ་པོས་རང་གི་བཙུན་མོ་དང་ཕྲུ་གུ་འཁོར་དང་བཅས་པ་ཁྲིད་དེ་རྒྱང་ཐག་རིང་བའི་ས་ནས་མིའི་རིགས་དང་རིང་དུ་བྲལ་བའི་གདོད་མའི་ནགས་ཚལ་དུ་འོངས། དེ་ཚོས་ཚང་ཚིང་སྟུག་པོའི་ནགས་ཚལ་དུ་ཡལ་འདབ་ཤིན་ཏུ་རྒྱས་པའི་གསོམ་སྡོང་ཞིག་བདམས་ནས།དེའི་རྩེ་མོར་ཁྱིམ་གཞི་འཛུགས་རྒྱུའི་འཆར་བཀོད་འཐེན། བྱི་ལོང་གིས་གནས་ཚུལ་དེ་ཤེས་ནས་སྙིང་སྟོབས་བསྐྱེད་དེ་གླག་རྒྱལ་པོར་གསལ་འདེབས་བྱས་ནས་ན་རེ། གུས་སུ་འོས་པའི་གླག་རྒྱལ་པོ་ལགས། གསོམ་སྡོང་འདི་དེ་འདྲ་བདེ་འཇགས་ཤིག་མ་རེད། དེའི་རྩད་པ་རུལ་སྐམ་དུ་སོང་ནས་དུས་དང་རྣམ་པ་ཀུན་ཏུ་ལོག་ཉེན་ཆེ། ཁྱེད་ཀྱིས་འདིའི་སྟེང་ཁྱིམ་གཞིས་གཏན་ནས་འཛུགས་མི་འོས་ཞེས་བརྗོད། གླག་རྒྱལ་པོས་བྱི་ལོང་ལ་ཁ་ཡ་ཡང་མི་བྱེད་པར། དེ་མ་ཐག་སྲ་ཞིང་བརྟན་ལ་དྲོད་ཅིང་སྐྱིད་པའི་ཁྱིམ་གཞིས་ཤིག་བཙུགས། ཅང་མ་འགོར་བར་གླག་བཙུན་མོར་གཅེས་སུ་རུང་བའི་ཕྲུ་གུ་འགའ་སྐྱེས། དུས་ཡུན་རིམ་གྱིས་འདས་སོང༌།
      ཉིན་ཞིག་གི་ཞོགས་པར། དྲོད་འཇམ་ཉི་མའི་མཚར་སྡུག་གི་ངོ་གདོང་ཤར་རིའི་རྩེ་ནས་མཛུམ་དམུལ་ལེར་འཕགས་དུས། གླག་རྒྱལ་པོས་རང་གི་མཐུ་རྩལ་ངོམ་བཞིན་ཁྱིམ་གང་བོར་ཁ་ཟས་མངར་མོ་མང་པོ་ཁྱེར་ཏེ། མཐོན་མཐིང་དབྱིངས་ནས་མར་རང་ཁྱིམ་ལ་འཕུར་ཡོང༌། ཚང་སྒོར་བསླེབས་ནས་བལྟས་པ་ན། ཨ་ཁ་ཁ། རང་ཁྱིམ་གྱི་གསོམ་སྡོང་དེ་རྩ་བ་ནས་འགྱེལ་ཞིང་རང་གི་བཙུན་མོ་དང་རང་གི་ཕྲུ་གུ་ཚང་མ་གསོམ་སྡོང་གི་ཡལ་གས་མནན་ནས་ཤི་འདུག ཨེ་མ་ཧོ། གླག་རྒྱལ་པོར་སྐྱོ་སྡུག་གིས་ཁེངས་ནས་ང་ནི་ཅི་འདྲའི་གླེན་པ་ལ། གཞན་གྱི.སེམས་བཟང་གི་ཁ་ཏ་རླུང་ལ་བསྐུར་བས། ལས་དབང་གི་ཕོ་ཉས་ང་ཡི་ང་རྒྱལ་ལ་འདི་འདྲའི་ཆད་པ་ལྕི་མོ་བཅད། བྱི་ལོང་ལྟ་བུའི་སྲོགས་ཆགས་ཉམ་ཆུང་དག་ལའང་དེ་འདྲའི་ཉམས་མྱོང་གི་བདེན་ལུགས་ཡོད་པ་ངའི་སྔོན་ཆད་ཡིད་ལའང་མ་དྲན། འདི་ཚང་མ་ང་རང་ང་རྒྱལ་ཆེ་བས་ལན་ཞེས་སྨྲེ་ངག་བཏོན། བྱི་ལོང་གིས་གནས་ཚུལ་དེ་མཐོང་ནས་ཁེངས་སྐྱུང་གིས་ན་རེ། ཁྱོད་ཀྱིས་ང་མིག་ནང་དུ་མ་བཞག་པ་དང་ང་ལ་ཆ་རྒྱུས་མེད་པས་ངའི་སྐད་ཆར་སྣང་མེད་བྱས་པ་རེད། ངས་ནམ་རྒྱུན་ས་འོག་ནས་དོང་བརྐོ་བཞིན་ཡོད་ཕྱིར། རྟག་པར་སྡོང་བོའི་རྩད་པར་འབྲེལ་འདྲིས་བྱེད་དགོས། དེ་བས། སྡོང་བོའི་བཟང་ངན་ལ་ང་སུ་ལས་ཀྱང་ཆ་རྒྱུས་ཡོད་པ་རེད་ཅེས་སྨོས། །
      གྲོགས་པོ་ཆུང་ཆུང་ཚོ། མི་སུ་དང་སུ་ཡིན་ཡང༌། བཟང་ཆ་ཡོད་ལ་ཞན་ཆའང་ཡོད། སྐབས་འགར་རང་གི་སྐྱོན་ཆ་རང་གི་མི་ཤེས་ཀྱང་གཞན་གྱིས་གསལ་བོར་མཐོང་དེས། རྟག་པར་གཞན་གྱི་བསམ་འཆར་ལ་ཁེངས་སྐྱུང་ངང་ཉན་སྤོབས་པ་དང་ཉན་མཁས་པའི་བྱིས་པས་ད་གཟོད་དོན་དག་ཅི་བསྒྲུབ་ཀྱང་ལེགས་འགྲུབ་འབྱུང་སྲིད།
      མཁས་པའི་ལེགས་བཤད་ལའང༌། རང་སྐྱོན་མཁས་པ་རྣམས་ཀྱིས་ཀྱང༌། །སྐྱོན་དུ་གོ་བ་ཤིན་ཏུ་དཀའ། །མང་པོས་བདག་ལ་དེ་སྒྲོགས་ན། །སྐྱོན་ཅན་ཡིན་པར་རྗེས་སུ་དཔོག །ཅེས་གསུངས་པ་མ་ཡིན་ནམ།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号