ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །ཆུ་ཐིགས་ཕྲེང་བ།
སྤེལ་དུས།03-15  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      མུ་མཐའ་བྲལ་བའི་རྒྱ་མཚོའི་ཀློང་ན་ཆུ་ཐིགས་ཕྲེང་བ་མང་པོ་མཉམ་དུ་བསྡད་ཡོད། དེ་ཚོ་ཉིན་རྒྱུན་ཉི་མས་སྐམ་སྐམ་ནས་ལུས་པོ་ཤིན་ཏུ་ཡང་མོར་གྱུར། བསེར་བུ་རླུང་གིས་དལ་གྱིས་བསྐྱོད་ནས་ནམ་མཁའི་དབྱིངས་སུ་ཁུར་སོང༌། ནམ་མཁའི་དབྱིངས་སུ་ཤིན་ཏུ་འཁྱགས་པ་ས། དེ་ཚོ་མཉམ་དུ་འདུས་ནས་གང་སར་འཁྱམས་ཏེ། མཛེས་སྡུག་ལྡན་པའི་སྤྲིན་གྱི་འདབ་མ་མང་པོར་གྱུར། གྲང་རླུང་བསིལ་མོ་ཡང་ཡང་གཡུགས་ནས་ཆུ་ཐིགས་ཕྲེང་བ་མཉམ་དུ་བཙིར་ཕྱིར། ཆུ་ཐིགས་མང་པོ་ནམ་མཁའི་དབྱིངས་ནས་མར་ལྷུང༌།
      ཐིགས་སྒྲ་དང་བཅས་ཁོ་ཚོ་གྲོ་ཞིང་ནང་དུ་བབས། ལོ་ཏོག་དགའ་ནས་མགོ་ལྕོག་ལྡེམ་ལྡེམ་བྱེད་བཞིན་ཆུ་ཐིགས་ཆུང་ཆུང་ཁྱོད་ལ་དགའ་བསུ་བྱེད། ང་ཚོས་ཁྱོད་ལ་རེ་ལྟོས་བྱེད་བཞིན་མཆིས་ཟེར།
      ཐིགས་སྒྲ་དང་བཅས་ཁོ་ཚོ་སྐྱེད་མོས་ཚལ་དུ་བབས། མེ་ཏོག་སྣ་ཚོགས་དགའ་སྟེ་སྙན་འཇེབས་གླུ་དབྱངས་ལེན་བཞིན་ཆུ་ཐིགས་ཆུང་ཆུང་ཁྱོད་ལ་བཀའ་དྲིན་ཞུ། ཁྱོད་རང་ཡོད་པས་ང་ཚོ་ལྷག་པར་མཛེས་སྡུག་ལྡན་ཟེར།
      ཐིགས་སྒྲ་དང་བཅས་ཁོ་ཚོ་རྫིང་བུའི་ནང་དུ་བབས། ཉ་མོ་དགའ་ནས་གར་གྱི་སྟངས་སྟབས་ངོམ། ཆུ་ཐིགས་ཆུང་ཆུང་ཁྱོད་རང་གང་ནས་འོང༌། ཁྱོད་ཀྱིས་ང་ཚོའི་ཕ་ཡུལ་ཕྱུག་པོར་བཏང་ཟེར། ཆུ་ཐིགས་ཆུང་བས་སྐད་ངག་འཇམ་པོ་ཡིས་ང་ཡི་ཕ་ཡུལ་ཐག་རིང་ཡུལ་ན་ཡོད། །རྒྱ་མཚོ་ཆེན་པོ་ང་ཡི་ཕ་ཡུལ་ཡིན། །ང་ཚོ་རྒྱ་མཚོའི་བུ་རབས་ཚ་རྒྱུད་ཡིན། །མི་འགྱངས་དུས་ལ་སླར་ཡང་ང་ཚོ་ནི། །ཕ་ཡུལ་རྒྱ་མཚོའི་ཕང་བར་འགྲོ་དེས་ཡིན། །ཞེས་སྨོས།
      གྲོགས་པོ་ཆུང་ཆུང་ཚོ། རང་བྱུང་ཁམས་ནི་མིའི་བློས་ཤོང་དཀའ་བའི་ཁྱད་མཚར་བའི་གནས་ཤིག་ཡིན་ལ། རང་བྱུང་ཁམས་ཀྱི་བྱ་དངོས་ཡོད་དོ་ཅོག་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་རྟེན་ཞིང་འབྲེལ་བའི་ཆོས་ཉིད་ལྡན་པས། ཆར་གྱི་ཐིགས་པ་ལྟ་བུར་ཡང་ཤེས་བྱའི་གཏམ་རྒྱུད་མང་པོ་ཡོད་པ་དང༌། བྱ་དངོས་ཆེ་ཆུང་ཚང་མར་རང་རང་གི་ཐུན་མོང་མ་ཡིན་པའི་གཤིས་ནུས་དང་ཁྱད་ཆོས། རིན་ཐང༌། དགེ་སྐྱོན་སོགས་ཀྱིས་ཕྱུག་པས་ན། དེ་རུ་ལྐོག་གྱུར་གྱི་ཤེས་བྱ་གང་མང་ཞིག་གིས་ང་ཚོར་བསྒུགས་ཡོད། སློབ་བུ་ཚོར། དེ་ཤེས་འདོད་ན། ད་ནས་བཟུང་སློབ་སྦྱོང་གི་བརྩོན་པ་མ་ལྷོད་ཅིག
      མཁས་པའི་ལེགས་བཤད་ལའང༌། མཁས་པ་ཡོན་ཏན་དཔག་མེད་ཀྱང༌། ། གཞན་གྱི་ཡོན་ཏན་ཆུང་ངུ་ལེན། །དེ་ལྟར་རྒྱུན་དུ་སྤྱད་པ་ཡིས། །མྱུར་དུ་ཐམས་ཅད་མཁྱེན་པར་འགྲོ། །ཟེར་བ་མིན་ནམ།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号