ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །ཆུ་ཚོད་འཁོར་ལོའི་གཏམ་རྒྱུད།
སྤེལ་དུས།03-15  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      སློབ་མ་ཞིག་གི་ཅོག་ཙེ་སྟེང་ན་མཛེས་ཤིང་ཡིད་དུ་འོང་བའི་ཆུ་ཚོད་འཁོར་ལོ་ཞིག་ཡོད། གསེར་མདོག་གིས་བརྒྱན་པའི་ཆུ་ཚོད་འཁོར་ལོ་དེའི་ངོས་སུ་དུས་ཀྱི་ཁབ་ཐུང་དང་སྐར་མའི་ཁབ་འབྲིང༌། སྐར་ཆའི་ཁབ་རིང་སྤུན་མཆེད་གསུམ་པོ་འདུག
      ཉིན་ཞིག་ལ། སྐྱེས་གཟུགས་ཕྲ་ཞིང་རིང་བའི་སྤུན་ཆུང་བ་སྐར་ཆའི་ཁབ་རིང་གིས་ཕུ་བོ་དུས་ཀྱི་ཁབ་འཐུང་ལ་ཕུ་བོ་ལགས། ཁྱོད་ཀྱིས་རང་ལ་ལྟོས་དང༌། གཟུགས་ཐུང་ཞིང་ཤ་རྒྱགས་པས། ངོ་མས་མིག་གིས་ལྟར་མི་བཟོད། དེས་མི་ཚད་རྒྱུག་ནའང་ཤིན་ཏུ་དལ་བས་རྒད་པོ་ཧོན་ལོག་ཞིག་དང་འདྲ་ཟེར་བཞིན་མགོ་འཕང་གནམ་ལ་བཀྱགས་ནས་་དཔའ་བོ་ཞིག་གི་སྣང་བ་བཟུང༌། ཕུ་བོ་དུས་ཀྱི་ཁབ་ཐུང་གིས་ཐོས་རྗེས་ལན་ཅི་ཡང་མ་བཏབ། སྤུན་ཆུང་བ་སྐར་ཆའི་ཁབ་རིང་ལ་ལྷག་པར་ང་རྒྱལ་སྐྱེས་ནས་མགོ་བོ་ཕར་འཁྱོགས་ཏེ་སྐར་མའི་ཁབ་འབྲིང་ལ་ན་རེ། ཕུ་བོ་འབྲིང་བ་ལགས། ཁྱོད་ཀྱི་གཟུགས་བྱད་ཧ་ལམ་ང་དང་འདྲ་ཞིང་ང་ལས་བརྗིད་པོ་ཡིན་ནའང༌། རྒྱུག་ན་ཁྱོད་ཀྱང་ཕུ་བོ་ཆེ་བ་ལས་ཅུང་ཙམ་མགྱོགས་པ་ཙམ་ལས་ངའི་དོ་ཟླར་མི་འོང་ཟེར། སྐར་མའི་ཁབ་འབྲིང་གིས་ཐོས་ནས་ཤིན་ཏུ་མི་དགའ་བར་ན་རེ། ཁྱོད་རང་སྐོར་བ་གཅིག་བརྒྱབ་ན་ད་གཟོད་སྐར་མ་གཅིག་རེད། ང་སྐོར་བ་གཅིག་བརྒྱབ་ན་དུས་ཚོད་གཅིག་ཡིན་པ་དང་ཕུ་བོ་སྐོར་བ་གཅིག་བརྒྱབ་ཚེ། དུས་ཚོད་བཅུ་གཉིས་རེད་ཡ། ཁྱོད་ཀྱིས་བལྟས་ན་སུ་མགྱོགས་སམ་ཞེས་བཤད། ང་མགྱོགས། ང་མགྱོགས། སྐར་ཆའི་ཁབ་རིང་གིས་རྩོད་པ་བརྒྱབ་ནས་དེ་ལྟར་སྨོས། སྐར་མའི་ཁབ་འབྲིང་དང་སྐར་ཆའི་ཁབ་རིང་སྤུན་གཉིས་ཀྱིས་ཚིག་རྩོད་བྱས་ནས་མཚམས་མ་བཞག
      སྐབས་དེར། ཕུ་བོ་ཆེ་བ་དུས་ཀྱི་ཁབ་ཐུང་ན་རེ། སྤུན་ཆུང་གཉིས་ཀ་ལགས། རྩོད་པ་མ་བྱེད། ཚིག་རྩོད་མ་ལངས། ངས་བལྟས་ན། སྤུན་ཆུང་བ་ངོ་མས་ཆེས་མགྱོགས་ལ་ང་ཆེས་དལ་བ་རེད། ཡིན་ནའང༌། མི་གཅིག་ལ་བརྟེན་ན་ག་ལ་རུང༌། ཁྱོད་ཚོས་ལྟོས་དང༌། འུ་ཅག་སྤུན་མཆེད་གསུམ་པོ་མཉམ་དུ་སྦྲེལ་ནས་སུ་ཡང་སུ་ལ་ཁ་འབྲལ་མི་རུང་བ་མི་མཐོང་ངམ་ཞེས་བཤད། ཕུ་བོས་སྤུན་ཆུང་བ་གཉིས་ཀས་རྩོད་པ་མཚམས་བཞག་པ་མཐོང་ནས་སླར་ཡང་ན་རེ། འུ་ཅག་སྤུན་གསུམ་པོས་མཉམ་དུ་མཐུན་སྒྲིལ་བྱས་ནས་ཕན་ཚུན་རོགས་རམ་དང་ཕན་ཚུན་རམ་འདེགས་བྱས་ཚེ། ད་གཟོད། མི་རྣམས་ལ་དུས་ཀྱི་དབྱེ་བ་མི་ནོར་བར་བཤད་ཐུབ། ཁྱོད་ཚོས་བཤད་ན་དེ་ལྟར་ཨེ་རེད་ཟེར། སྐར་མའི་ཁབ་འབྲིང་གིས་ཐོས་རྗེས་རང་དབང་མེད་པར་མགོ་བོ་གུག་གུག་བྱས་ཤིང༌། སྐར་ཆའི་ཁབ་རིང་གིས་ཐོས་རྗེས་ངོ་གདོང་དམར་པོར་གྱུར་ནས་རེད་ལགས། རེད་ལགས། རེད་ལགས་ཞེས་བསྟུད་མུར་བརྗོད། དེ་ནས་ཁོ་ཚོའི་འཆམ་ཞིང་མཐུན་པའི་གོམ་འགྲོས་འདེགས་སྒྲ་སྙན་མོ་སླར་ཡང་གྲགས་བྱུང༌།
      ད་ལྟ། ཁྱོད་ཆོས་མཛེས་ཤིང་ཡིད་དུ་འོང་བའི་ཆུ་ཚོད་འཁོར་ལོ་དེར་ལྟོས་དང༌། སྤུན་མཆེད་གསུམ་པོའི་ཚིག་རྩོད་ཐོས་རྒྱུ་མེད་པ་མ་ཟད། དེ་ཚོས་ད་དུང་སྐད་ངག་འཇེབས་ཤིང་སྙན་མོས་ཁྱོད་ལ་དུས་འདིར་ཆུ་ཚོད་ག་འདྲ་དང་སྐར་མ་ག་འདྲ། སྐར་ཆ་ག་འདྲ་ཡིན་པ་མ་ནོར་བར་བརྗོད་དེས།
      གྲོགས་པོ་ཆུང་ཆུང་ཚོ། མི་གཅིག་གི་སྟོབས་ཤུགས་ཅི་འདྲ་ཆེ་རུང་ཚད་ཡོད་ལ། དོན་དག་མང་པོ་ཞིག་དེས་པར་དུ་མི་མང་པོའི་ཡོན་ཏན་དང་སྟོབས་ཤུགས་ལ་བརྟེན་ན་ད་གཟོད་ལེགས་འགྲུབ་འབྱུང་བ་རེད། དེ་བས་མཐུན་སྒྲིལ་ནི་ཤིན་ཏུ་གལ་ཆེ་བ་ཤེས་སམ།
      མཁས་པའི་ལེགས་བཤད་ལའང༌། མང་པོ་གཅིག་ཏུ་བློ་མཐུན་ན། །ཉམ་ཆུང་གིས་ཀྱང་དོན་ཆེན་འགྲུབ། །སྲོག་ཆགས་གྲོག་མའི་ཚོགས་འདུས་པས། །སེང་གེའི་ཕྲུ་གུ་བསད་ཅེས་གྲགས། ཞེས་ཟེར་བ་མིན་ནམ།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号