ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །ས་བོན་རྡོག་པོ་གཅིག
སྤེལ་དུས།03-15  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      ས་བོན་རྡོག་པོ་ཞིག་ས་འོག་ཏུ་གཉིད་ལ་ཡུར་ནས་ཡུན་རིང་ཞིག་འགོར་སོང༌། དེ་ཉིད་གཉིད་ལས་སད་དུས། ལུས་ཧྲིལ་པོ་དྲོད་འཇམ་མེར་བལ་གྱི་བར་ཕྱིང་འཐུག་པོ་ཞིག་གྱོན་པ་དང་འདྲ།
      ས་བོན་རྡོག་པོས་ལུས་པོ་རྐྱོང་བཞིན་ཤེད་ཀྱིས་ཡར་འཕགས། ཉིན་འགར་རྨི་ལམ་གྱི་ཞིང་ཁམས་འགྲིམས་ཕྱིར། ས་བོན་རྡོག་པོ་ཤིན་ཏུ་སྐོམ་ནས་ཆུ་ལ་ཧུབ་རྒན་ཞིག་བྱས་པས། དེ་མ་ཐག་ལུས་པོ་བདེ་ཞིང་ཡང་བའི་སྣང་བ་ཞིག་འགོག་མེད་དུ་བྱིན།
      ས་བོན་རྡོག་པོ་སླར་ཡང་ཡར་ལ་འཕགས། དཔྱིད་དཔལ་བུ་མོས་མགྲིན་གླུ་ལེན་བཞིན་དྲོད་འཇམ་གྱི་ལག་ཟུང་བརྐྱངས་ནས་ས་གཞི་ཡོངས་ལ་དལ་གྱིས་འཁྱུད། ས་བོན་རྡོག་པོས་དཔྱིད་དཔལ་བུ་མོའི་མགྲིན་གླུ་སྙན་མོ་ཐོས་ནས་ས་འབུ་ནག་རིང་ལ། ཕུ་བོ་ས་འབུ་ནག་རིང་ལགས། ཕྱི་ཡི་གླུ་སྙན་མོ་ལེན་མཁན་དེ་སུ་རེད་ཅེས་དྲིས། ས་འབུ་ནག་རིང་ན་རེ། འོ། དེ་ནི་དཔྱིད་དཔལ་བུ་མོ་རེད། དཔྱིད་དཔལ་བུ་མོས་འུ་ཅག་ལ་ཕྱི་རུ་ཕེབས། ཕྱི་རུ་ཕེབས། འཇིག་རྟེན་ལྟད་མོ་ཕྱི་ན་མཆིས་ཞེས་འབོད་ཀྱིན་འདུག་ཟེར། ས་བོན་རྡོག་པོས་ཕྱི་རུ་ཕེབས་ཟེར་རམ། ཕྱི་རོལ་ནི་ཅི་ལྟ་བུ་ཞིག་རེད། དེ་ཡང་གནས་འདི་ལྟ་བུའི་མུན་ནག་ཅིག་ཡིན་ནམ་ཞེས་དྲིས། ས་འབུ་ནག་རིང་གི་གདོང་ལ་འཛུམ་གྱིས་ཁེངས་ནས་ན་རེ། དཔེ་མི་སྲིད། ཕྱི་རོལ་གྱི་ཡུལ་དེ་རུ་དྲོད་འཇམ་ཉི་མའི་འོད་སྣང་གིས་ཁེངས། དཔྱིད་དཔལ་སླེབ་པ་ན། མེ་ཏོག་སྣ་ཚོགས་རྣམ་པར་བཞད་ཅིང༌། ཁ་ལ་ཡུག་གིས་གར་སྟབས་བསྒྱུར་བཞིན་ལྷོ་ཕྱོགས་ཡུལ་ནས་འཕུར་འོངས། འུ་ཅག་ཀྱང་ཕྱི་རུ་འགྲོ་ཨེ། ཕྱི་ན་འུ་ཅག་ལ་རྩེད་གྲོགས་ཤིན་ཏུ་མང་པོ་ཡོད་ཟེར་བཞིན་སྙི་ཞིང་རིང་བའི་ལུས་པོས་ས་ཁར་ཡར་གཏད་ནས་སོང༌།
      ས་བོན་རྡོག་པོ་དེ་ཡང་ས་འབུ་ནག་རིང་གི་རྗེས་འབྲངས་ནས་ས་ཁར་འཕགས། ཡིན་ནའང༌། མགོ་ཐོག་གི་ས་ཧ་ཅང་སྲ་མཁྲེགས་ཡིན་ཕྱིན། དེས་ཤེད་ཤུགས་ཡོད་དགུ་བཏོན་ནས་ཡར་འཕགས་ཀྱང་ས་བརྟོལ་མ་ཐུབ། ས་འབུ་ནག་རིང་གིས་མཐོང་རྗེས། ས་བོན་ཆུང་ཆུང་ལགས། ཁྱོད་རང་སེམས་མ་འཚུབ། ཁྱོད་རང་བྲེལ་བ་མ་ལངས། ང་ཡིས་ཁྱོད་ལ་རོགས་བྱེད་ཟེར་བཞིན། ཡར་འཛུལ་མར་འགུལ་བྱས་ཏེ།ས་བོན་རྡོག་པོའི་མགོ་ཐོག་གི་ས་སོབ་སོབ་བྱས། ས་བོན་རྡོག་པོས་ས་འབུ་ནག་རིང་གི་སྐུལ་ལྕག་དང་རོགས་རམ་འོག་ཤེད་ཤུགས་ཡོད་རྒུས་ས་ཁར་འཕགས་མཐར། སྲ་མཁྲེགས་ཀྱི་ས་ཤུན་བརྟོལ་ནས་ཕྱི་རུ་འབུས་འོངས།
      ཨེ་མ། ཕྱི་རོལ་གྱི་འཇིག་རྟེན་ནི་ངོ་མས་ལྟ་ན་སྡུག་པ་ཞིག་རེད། ལྟོས་དང༌། དྲི་བཞོན་བུ་མོའི་གླུ་སྐད་ལྷང་ལྷང་ལྷང༌། ས་བོན་ཆུང་ཆུང་ལགས། ཁྱོད་ལ་དཔའ་ངར་ལྡན་ཞེས་བསྟོད་པ་བྱས། ཆུ་མིག་དྭངས་མོའི་གླུ་སྐད་ཤག་ཤག་ཤག ས་བོན་ཆུང་ཆུང་ལགས། ཁྱོད་ལ་དགའ་བསུ་བྱེད་ཅེས་འཛུམ་གྱིས་བསུས།
     བྱ་དང་བྱིའུའི་མགྲིན་གླུ་ཀྱུ་རུ་རུ། ས་བོན་ཆུང་ཆུང་ལགས།ཁྱོད་ནི་ང་ཚོའི་གྲོགས་པོ་ཡིན་ཞེས་དགའ་མགུའི་གར་སྟབས་ལང་ལིང་བསྒྱུར།
ཨེ་མ། དགའ་བ་ལ། ཨེ་མ། སྐྱིད་པ་ལ། ཕྱི་ཡི་འཇིག་རྟེན་འདི་འདྲའི་སྐྱིད་པ་ལ། ས་བོན་ཆུང་ཆུང་དགའ་བ་འབུམ་གྱིས་ཁེངས་ཏེ། དྲོད་འཇམ་ཉི་མའི་དྲིན་གྱིས་བསྐྱངས་འོག་དཔྱིད་དཔལ་བུ་མོའི་གླུ་ཡི་འགྱུར་ཁུགས་དང་བསྡོངས་ནས་སྐྱིད་པའི་གླུ་དང་དགའ་བའི་གར་ལ་རོལ་བཞིན་བདེ་བླག་ངང་འཚར་ལོངས་བྱུང༌།
     གྲོགས་པོ་ཆུང་ཆུང་ཚོ། ཁྱོད་ཚོ་མེ་ཏོག་དང་རྩི་ཤིང་ལ་དགའ་བ་ཡིན་ནམ། ཁྱོད་ཀྱིས་ས་བོན་དང་ས་འབུ་ནག་རིང་བར་ན་འབྲེལ་བ་ཅི་ལྟ་བུ་ཡོད་པ་རྟོགས་སམ། ཁྱོད་རང་རང་བྱུང་ཁམས་ལ་ཆ་རྒྱུས་ཡོད་ངམ། དུས་རྒྱུན་ཁོམ་པ་ཡོད་དུས། ཕྱི་རོལ་ཡུལ་དུ་ལྟད་མོར་ཕེབས་དང༌། རང་བྱུང་ཁམས་ཀྱི་ག་ས་གང་དུའང་ཤེས་བྱ་མང་པོས་ཁྱབ་ཡོད། དེ་རུ་ཁྱོད་ལ་སློབ་ཁང་ལས་འཐོབ་ཐབས་མེད་པའི་ཤེས་བྱ་མང་པོ་འཐོབ་ཐུབ་པ་རེད། འཇིག་རྟེན་ནི་ཁྱད་མཚར་བ་ཞིག་ཡིན་ལ། ཁྱད་མཚར་བའི་འཇིག་རྟེན་འདི་ཁྱོད་ཀྱིས་རྟོགས་པར་སྨོན།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号