ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །སྦལ་བས་མེ་ཏོག་བཏབ་པ།
སྤེལ་དུས།03-15  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      ཕྱོགས་བཞིར་ལྗོན་ཤིང་གི་གྲིབ་བསིལ་ཁུག་ཅིང༌། གང་སར་རྩྭ་དང་རྩི་ཏོག་ལྗང་ལྡེམ་མེར་སྐྱེས་པའི་མཛེས་སྡུག་ཡིད་དུ་འོང་བའི་སྤང་ཐང་ཞིག་ན། རི་བོང་གིས་རང་གི་མེ་ཏོག་གི་སྐྱེད་ཚལ་དུ་ཆུ་གཏོང་བཞིན་ཡོད། སྦལ་བ་མེ་ཏོག་གེ་སྐྱེད་མོས་ཚལ་བརྒྱུད་ནས་བགྲོད་དུས།རི་བོང་ལགས། ཁྱོད་ཀྱི་མེ་ཏོག་ར་བ་ཅི་འདྲའི་མཛེས་པ་ལ། སྦལ་བས་ཡིད་སྨོན་འཆོར་བཞིན་དེ་ལྟར་སྨོས། རི་བོང་ལ་ང་རྒྱལ་དང་དགའ་སྣང་གི་ཉམས་ཤིག་ཤར་ནས་ན་རེ། རེད་ལགས། ང་ཡི་མེ་ཏོག་ར་བ་ལས་ལྷག་པའི་མཛེས་སྡུག་ཡིད་དུ་འོང་བ་ཞིག་ཡོད་མི་སྲིད། ཡིན་ནའང༌། དེ་ཡང་དཀའ་བ་སྤྱད་པའི་འབྲས་བུ་ཡིན། མེ་ཏོག་འདེབས་རྒྱུ་དེ་ཡང་ལས་སླ་མོ་ཞིག་ག་ལ་ཡིན་ཞེས་སྨོས། སྦལ་བ་ན་རེ། མེ་ཏོག་འདེབས་པར་དཀའ་རྒྱུ་ཅི་ཡོད། དཀའ་བར་སྐྲག་དོན་ཅི། ང་ཡིས་ཀྱང་མེ་ཏོག་གི་ར་བ་ཞིག་ལས་ན་འདོད་ཟེར། རི་བོང་ན་རེ། དེས་ན་ལེགས་སོ། །ང་ལ་མེ་ཏོག་གི་ས་བོན་ཡོད། ཁྱོད་ཀྱིས་ཐོབས་དང༌། དུས་ཡུན་ཞིག་འགོར་རྗེས། ཁྱོད་ལའང་མེ་ཏོག་གི་ར་བ་ཞིག་ཡོད་སྲིད་ཟེར། སྦལ་བ་བྲེལ་བ་ལངས་ནས་ཉིན་ཅི་ཙམ་ལ་བསྒུག་དགོས་ཞེས་དྲིས་པ་ན། རི་བོང་གིས་ཉིན་མང་པོར་བསྒུག་དགོས་ཞེས་ལན་བཏབ།
      སྦལ་བ་མྱུར་དུ་ཕྱིར་རང་ཁྱིམ་དུ་འོངས་ནས་མེ་ཏོག་གི་ས་བོ་བཏབ་རྗེས། ས་ཁར་གཏད་དེ། ཀྱེ། ཀྱེ། མེ་ཏོག་གི་ས་བོན་ལགས།མྱུར་མ་མྱུར་དུ་སྐྱེས་རོགས་གནང་ཞེས་འུར་བརྒྱབ། ཡུག་ཙམ་ནས་ཁོ་རང་ས་བོན་བཏབ་སར་སོང་ནས་བལྟས་པ་དང༌། ཅུང་ཙམ་ནས་ཁོ་ཡང་ས་བོན་བཏབ་སར་སོང་ནས་བལྟས། ཡིན་ནའང༌། མེ་ཏོག་གི་གྲིབ་མ་ཙམ་ཡང་མ་མཐོང༌། སྦལ་བ་ཁ་བུབ་ཏུ་ལོག་ནས་སྐད་གསེང་མཐོན་པོས་ས་བོན་ལགས། ས་བོན་ལགས། ཁྱོད་ཀྱིས་ཐོས་སམ། ད་ལྟ་ཉིད་དུ་ས་ཁར་བུད་ཅིག་ཅེས་འུར་བརྒྱབ། རི་བོང་གིས་ཐག་རིང་ནས་ཐོས་ཏེ་བརྒྱུགས་འོངས་ནས་ན་རེ། ཁྱོད་ཀྱི་སྐད་མགོ་མཐོ་དྲགས་པས།ས་བོན་སྐྲག་ནས་སྐྱེས་མི་ཕོད་ཟེར། སྦལ་བས་དེས་ན་ཅི་བྱ་ཞེས་དྲིས་པ་ན། རི་བོང་ན་རེ། ས་བོན་ཐོག་མར་ས་འོག་ཏུ་གཉིད་དུ་འཇུག་པ་དང༌། དེ་ནས་མཚར་སྡུག་ཉི་མས་དྲོད་ཀྱིས་སྐྱོང་ཞིང༌། སྦྲང་ཆར་ཟིལ་མས་བརླན་པར་བྱས་ཚེ། དེ་ཚོ་ས་ཁར་འབུས་འོང་ཞེས་སྨོས།
      མཚན་མོ། སྦལ་བས་སྒེའུ་ཁུང་ལས་ཕྱིར་བལྟས་ནས་སུན་སྣང་དང་བཅས་ན་རེ། ཨ་ལ། ད་དུང་མི་སྐྱེས་དོན་ཅི། སྨག་ནག་ན་སྐྲག་པ་ཡིན་ནམ་ཅི་ཟེར། རི་བོང་གིས་ཐོས་ནས་སྦལ་བ་ལ་སྒྲོན་མེ་ཞིག་ཁྱེར་འོངས། སྦལ་བས་སྒྲོན་མེ་སྦར་བཞིན་ས་བོན་ལགས། ས་བོན་ལགས། ཁྱོད་ཚོ་སྐྲག་མི་དགོས། ང་ཡིས་ཁྱོད་ཚོར་གཏམ་རྒྱུད་ཅིག་བཤད་ཅེས་སྨོས་ནས། མེ་ཏོག་གི་ས་བོན་ལ་གཏམ་རྒྱུད་རིང་མོ་ཞིག་བརྗོད།
      ཉིན་གཉིས་པར་སྦལ་བས་མེ་ཏོག་གི་ས་བོན་ལགས། ང་ཡིས་ཁྱོད་ལ་གླུ་ཞིག་ལེན་ཟེར་ནས་གླུ་བླངས།
      ཉིན་གསུམ་པར། སྦལ་བས་མེ་ཏོག་གི་ས་བོན་ལགས། དེ་རིང་ང་ཡིས་ཁྱོད་ལ་སྙམ་ངག་གྱེར་འདོན་བྱེད་ཟེར་ནས་སྙན་ངག་རིང་མོ་ཞིག་བཏོན།
      ཉིན་བཞི་བར་སྦལ་བ་ན་རེ། མེ་ཏོག་གི་ས་བོན་ལགས། ང་ཡིས་ཁྱོད་ལ་གེ་སར་སྒྲུང་ཞིག་བཤད་ཟེར་ནས་སྒྲུང་སྙན་མོ་ཞིག་བཤད།ཡིན་ནའང༌། མེ་ཏོག་ད་དུང་འབུས་མ་བྱུང༌། སྦལ་བ་ཁོང་ཁྲོ་ལངས་ནས། ད་ནི་ང་ཡིས་ཅི་ཞིག་བྱ། མེ་ཏོག་གི་ས་བོན་སྐྲག་ཤོར་སྡར་མ་ཁྱོད་ཚོ་ནི་འཇིག་རྟེན་ན་ཆེས་སྙིང་སྟོབས་མེད་པའི་སྡར་མ་དག་དག་རེད་ཅེས་སྐད་གསེང་མཐོན་པོས་སྡིགས་སྨོད་བྱས་མཐར། ཐང་ཆད་དེ་ས་ཐོག་ནས་གཉིད་ལ་ཡུར། རྨི་ལམ་དུ་ཁོའི་མེ་ཏོག་གི་ར་བའི་ནང་དུ་མེ་ཏོག་པད་མ་དང༌། མེ་ཏོག་རྒྱ་སེ། མེ་ཏོག་ལྷ་རིས། མེ་ཏོག་སེར་ཆེན་སོགས་ཁ་དོག་དཀར་སེར་དམར་ལྗང་གིས་བརྒྱན་པའི་མེ་ཏོག་སྣ་ཚོགས་རྣམ་པར་དགོད་པ་དང༌། རི་བོང་དང་སྤྲེའུ་དང་འཇོལ་མོ་སོགས་ཁྱིམ་མཚེས་ཀུན་གྱིས་ཡིད་སྨོན་དི་རིར་ཁོ་ལ་སྦལ་བ་སྦལ་བ་ཞེས་བསྔགས་བརྗོད་བྱེད་ཀྱིན་འདུག་པས། ཁོ་རང་ཤིན་ཏུ་དགའ་ནས་ཧ་ཧ་ཞེས་གད་རྒྱངས་ཤོར་བ་དང་མཉམ་དུ་སྦལ་བ་གཉིད་ལས་སད་བྱུང༌། རི་བོང་གིས་གདོང་ལ་འཛུམ་གྱིས་ཁེངས་ནས། སྦལ་བ། སྦལ་བ། ཁྱོད་ཀྱི་མེ་ཏོག་གི་ར་བར་ལྟོས་དང་ཞེས་བརྗོད། སྦལ་བས་མིག་ཟུང་ཕུར་ཕུར་བྱས་ནས་བལྟས་པ་ན། ཨ་ཙེ་ཨ་ཙེ། ལྗང་མདོག་གི་མྱུ་གུ་མང་པོས་འཛུམ་དྲུག་དགོད་ཀྱིན་ས་ཁར་འབུས་འདུག སྦལ་བས་ཨ་ལོ་དགའ་སྐྱིད། ང་ཡི་མེ་ཏོག་འབུས་བྱུང༌། ང་ཡི་མེ་ཏོག་འབུས་བྱུང་ཞེས་དགའ་འབོད་བསྒྲགས། རི་བོང་ན་རེ། ད་ལྟ་ཁྱོད་རང་ལའང་མཛེས་སྡུག་གི་མེ་ཏོག་སྐྱེད་ཚལ་ཞིག་ཡོད་པར་གྱུར་ཞེས་སྨོས་པ་ན། སྦལ་བས་རྐང་ལག་རྐྱོང་བཞིན་ན་རེ། རེད་ཡ། བདག་ལའང་མཛེས་སྡུག་ལྡན་པའི་མེ་ཏོག་གི་སྐྱེད་མོས་ཚལ་ཞིག་ཡོད་པར་གྱུར། ཡིན་ཡང༌། མེ་ཏོག་འདེབས་རྒྱུ་དེ་ཡང་ལས་སླ་མོ་ཞིག་གཏན་ནས་མ་རེད་ཟེར།
      གྲོགས་པོ་ཆུང་ཆུང་ཚོ། བྱ་བ་ཅི་ཞིག་བསྒྲུབ་ཀྱང་བྲེལ་འཚུབ་སྐྱེས་མི་འོས། བྲེལ་འཚུབ་སྐྱེས་ན་བྱ་བ་ལེགས་པོ་ཞིག་བསྒྲུབ་མི་ཐུབ།བྱ་བ་ཕྲན་བུ་ཙམ་ཡིན་ཡང་ཕུན་སུམ་ཚོགས་པ་ཞིག་བསྒྲུབ་རྒྱུ་ནི་དེ་འདྲའི་ལས་སླ་མོ་ཞིག་ཡིན་མི་སྲིད། བྱ་བ་ཕྲན་བུ་བསྒྲུབ་མཁས་པའི་མིས་ད་གཟོད་བྱ་བ་ཆེན་པོ་བསྒྲུབ་ཐུབ། དེ་བས། ནམ་རྒྱུན་ང་ཆོས་བྱ་བ་ཆུང་བར་སྣང་མེད་བྱེད་མི་རུང་བར། བྱ་བ་ཆུང་ཆུང་ནས་མགོ་བརྩམས་ནས་བྱ་བ་ཆེན་པོར་བརྩོན་དགོས། ཁྱོད་ཚོས་བལྔས་ན་དེ་ལྟར་ཨེ་རེད།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号