ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །སྨྱུ་གུ་དང་སྣག་ཚ།
སྤེལ་དུས།03-15  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      སྙན་ངག་པ་ཞིག་གི་ཅོག་ཙེའི་སྟེང་སྣག་ཚ་དམ་བི་གང་བཞག་འདུག་ལ། དེས་དུས་དང་རྣམ་པ་ཀུན་ཏུ་གནག་ཅིང་སྣག་པའི་གཤེར་ཁུ་ཡིས་བཀང་བའི་ང་རྒྱལ་གྱི་གསུས་པ་ཆེས་ཆེར་རྒྱངས་ཏེ་གཞན་ལ་ང་ངར་ང་ཆེ་ཞེས་རང་བསྟོད་བྱེད་ཀྱིན་འདུག
      ཉིན་དེར། སྣག་ཚའི་དམ་བིས་ཡང་སེམས་ཀྱི་ང་རྒྱལ་གནོན་མ་ཐུབ་པར་ཁང་བའི་ནང་གི་ཅ་ལག་གཞན་དང་ལྷག་པར་དུ་སྨྱུ་གུ་ལ་བལྟས་ནས་ན་རེ། ངོ་མ་ཧ་ལས་པ་ཞིག་རེད། ང་ལ་གསར་གཏོད་ཀྱི་ནུས་པས་ཡོངས་སུ་ཕྱུག་པས། ཇ་ཐུན་ཞིག་གི་རྗེས་སུའང་ང་ཡིས་ཅི་ཞིག་གསར་གཏོད་བྱེད་སྲིད་པ་ང་རང་ཉིད་ཀྱིས་ཀྱང་མི་ཤེས། ང་ཡི་སྟེང་ནས་སྙན་ངག་པ་ཡོད་དོ་ཅོག་གི་བརྩམས་ཆོས་ཐོན་ཐུབ་པ་སྟེ། ཕོ་རྩལ་སྣ་དགུ་འཛོམས་པའི་གཞོན་ནུ་དཔའ་བོ་དང། ནམ་མཁའི་ལྷ་མོ་འདྲ་བའི་བུ་མོ་མཛེས་མ། སྙིང་སྟོབས་སེང་གེའི་འགྱིང་ལ་འཁུ་བའི་དཔའ་རྟུལ། དེ་མིན་ད་དུང་སྟོབས་འབྱོར་ཀླུ་ཡི་ཕོ་བྲང་ལ་འགྲན་པའི་རྒྱལ་བོ་སོགས་བགྲང་གིས་མི་ལང་བ་མཐོང་ཐུབ། མི་རྣམས་ཀྱིས་ཡིག་ཐོག་ནས་མཐོང་བ་ཐམས་ཅད་ང་ཡི་འདི་ནས་ཐོན་པ་རེད་ཟེར་ནས་མགོ་འཕངས་གནམ་ལ་བསྟད།
      སྣག་ཚའི་དམ་བིས་ང་རྒྱལ་གྱི་མགོ་འཕངས་གནམ་ལ་བསྟད་དེ་ཡར་རྒྱུག་མར་ལྡིང་བྱས། སྨྱུ་གུ་དེ་ལ་ཡིད་མ་རང་པར། སྨྱུ་གུའི་རྩེ་མོས་སྣག་ཚའི་དམ་བིའི་མགོ་ལ་དལ་མོར་རྡུང་བཞིན་ན་རེ། ཁྱོད་ནི་ཀླད་པ་མེད་པའི་གླེན་པ་ཞིག་རེད། ཁྱོད་ཀྱིས་ཁ་དོག་ལྡན་པའི་གཤེར་ཁུ་རེ་འདོན་སྤྲོད་བྱས་པ་ཙམ་རེད། ཁྱོད་ལས་བཞུར་བའི་སྣག་ཁུས་ང་ལ་རང་གི་སེམས་ཀྱི་འཁྱེར་སྒོ་གསལ་བོར་ཕྱིར་མངོན་ཐུབ་པ་ཙམ་རེད།གལ་ཏེ། ང་སྨྱུ་གུས་ཡི་གེ་བྲིས་པ་མིན་ཚེ། ཁྱོད་ནི་ནག་ནོག་གི་ཕུང་བོ་ཙམ་ལས་མ་འདས་པས། ཅི་ཡང་ཐོན་མི་ཐུབ་པ་རེད་ཅེས་ཟེར།
      སྨྱུ་གུས་ང་རྒྱལ་ཅན་གྱི་སྣག་ཚའི་དམ་བི་ལ་རྒོལ་ལན་སྤྲོད་བཞིན་པའི་སྐབས་དེར། ཙིར་སྒྲ་དང་བཅས་སྒོ་ཕྱེ་ནས་སྙན་ངག་པ་ཕྱིར་སླེབ་འོངས། སྙན་ངག་པ་ནི་ཕུལ་དུ་བྱུང་བའི་རྣོ་སྦྲེང་དཀྲོལ་མཁན་ཞིག་གི་རོལ་དབྱངས་འཁྲབ་སྟོན་ལ་ལྟ་རུ་སོང་བ་རེད། སྙན་ཞིང་འཇེབས་པའི་རོལ་དབྱངས་ཀྱིས་སྙན་ངག་པའི་ཡིད་སེམས་རབ་ཏུ་བཀུག འཁྲབ་སྟོན་དེ་ནི་ཧ་ཅང་ལེགས་འགྲུབ་བྱུང་བའི་འཁྲབ་སྟོན་ཐེངས་ཤིག་རེད། མི་ཡོད་དོ་ཅོག་གི་ཡིད་སེམས་བཀུག་ནས། མི་རྣམས་ཀྱི་སྣང་བར་སྙན་ཞིང་འཇེབས་པའི་རོལ་དབྱངས་དེ་ནི་རྣོ་སྦྲེང་ལས་རང་ཤུགས་སུ་བྱུང་བའི་ལྷའི་རོལ་མོ་ཡིན་པར་སྙམ་ནས། རྣོ་སྦྲེང་རོལ་དབྱངས་ཀྱི་རྣམ་ཤེས་ལ་དབང་མངའ་པའི་རོལ་མོ་བ་དེ་གཏིང་ནས་བརྗེད་སོང༌། མི་ཚང་མས་སྒྱུ་རྩལ་པ་དེའི་མིང་བརྗེད་མོད། ཡིན་ནའང༌། སྙན་ངག་པས་མ་བརྗེད། ཁོ་རང་ཕྱིར་ཡུལ་དུ་ལོག་ནས། དེ་མ་ཐག་རང་གི་ཚོར་སྣང་བྲིས་པ་སྟེ། ང་ཚོ་ནི་ཀུན་གྱི་མིག་མདུན་དུ་སྣང་བའི་རྣོ་སྦྲེང་དང་མཚུངས་པར་རྟག་པར་རང་བསྟོད་བྱ་རྒྱུར་དགའ། རང་ཉིད་ནི་སྙན་ངག་པ་དང་རང་ཉིད་ནི་སྒྱུ་རྩལ་པ། རང་ཉིད་ནི་ཚན་རིག་པ། རང་ཉིད་ནི་དཔའ་རྟུལ་པ་ཡིན་ཞེས་འུད་བསྟོད་བྱེད་ཀྱིན་ཡོད། དོན་དངོས་སུ་ང་ཚོ་ཚང་མ་རང་བྱུང་ཁམས་ཆེན་མོའི་འཁྲབ་སྟོན་གྱི་རོལ་ཆས་ཙམ་རེད། དོན་དམ་པས་གཟི་བརྗིད་ནི་རང་བྱུང་ཁམས་ལ་གཏོགས་པས། ང་ཚོ་རང་ཉིད་ལ་ང་རྒྱལ་སྐྱེས་འོས་པའི་ཁུངས་སྤུ་ཙམ་ཡང་མི་འདུག
      སྣག་ཚའི་དམ་བི་དང་སྨྱུ་གུ་གཉིས་ཀས་སྙན་ངག་པའི་ཚོར་སྣང་ཐོས་ནས་ངོ་གདོང་དམར་པོར་གྱུར། རེད་ཡ། སྙན་ངག་པས་བཤད་པ་ཅི་མ་བདེན། ང་ཚོས་ཁེངས་སྐྱུང་བྱེད་ཤེས་དགོས།
གྲོགས་པོ་ཆུང་ཆུང་ཚོ། དམ་པའི་ཡོན་ཏན་སྦས་གྱུར་ཀྱང༌། །འཇིག་རྟེན་ཀུན་ལ་ཁྱད་པར་ཀསལ། །སྣ་མའི་མེ་ཏོག་ལེགས་བཀབ་ཀྱང༌། །དྲི་ཞིམ་ཀུན་ཏུ་ཁྱབ་པར་འགྱུར། །ཁྱོད་ལ་ཡོན་ཏན་གྱིས་ཕྱུག་ཚེ། ཁྱོད་རང་གིས་འུད་བསྟོད་མ་བྱས་ཀྱང་ཀུན་གྱིས་ངང་ངམ་ཤུགས་ཀྱིས་རྟོགས་པ་དང༌། ཁྱོད་ལ་ཡོན་ཏན་གྱིས་དབུལ་ན། ཁྱོད་ཀྱིས་ཇི་ལྟར་འུད་བསྟོད་བྱས་ཀྱང་ཁྱོད་རང་སྙན་ངག་པ་དང་སྒྱུ་རྩལ་པ་སོགས་སུ་འགྱུར་མི་སྲིད། ཡོན་ཏན་ནི་འུད་བསྟོད་ལས་བྱུང་བ་ཞིག་གཏན་ནས་མིན། དུས་དང་རྣམ་པ་ཀུན་ཏུ་ཁེངས་སྐྱུང་བྱེད་པ་དེ་ཡང་མིའི་ཡོན་ཏན་ཞིག་མ་ཡིན་ནམ།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号