ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །སྐྱ་ཀས་དགོངས་དག་ཞུ་བ།
སྤེལ་དུས།03-15  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      རྟ་ཕོ་དང་གླང་རྒན་གཉིས་ཀྱིས་མཉམ་དུ་ཟོང་ཟོག་མང་པོས་བཀང་བའི་ཤིང་རྟ་ཆེན་པོ་ཞིག་འདྲུད་ཀྱིན་སུས་ཀྱང་ལེ་ལོ་མ་བྱས། ཡུན་རིང་ཞིག་ལ་སོང་རྗེས། གླང་རྒན་ཐང་ཆད་ནས་དབུགས་ཀ་ལྷེབ་ལྷེབ་བྱེད་ཀྱིན་ཡོད་པ་དང༌། རྟ་ཕོ་ཐང་ཆད་ནས་རྔུལ་ནག་ཁྲོམ་ཁྲོམ་དུ་བཞུར།
      སྐབས་དེར། སྐྱ་ག་ཁྲ་མོ་ཞིག་འཕུར་འོངས། སྐྱ་ཀས་རྟ་ཕོ་དང་གླང་རྒན་གཉིས་མཐོང་རྗེས། གླང་རྒན་ལ་ན་རེ། ཨ་ཁུ་གླང་རྒན་ལགས། ཁྱོད་ཀྱིས་ལྟོས་དང༌། རྟ་ཕོ་ལ་རྔུལ་ཆུ་བཞུར་བར་ལྟོས། ཁྱོད་ཀྱི་ལུས་ན་རྔུལ་ཆུ་ཉུང་ངུ་ཙམ་ཡང་མཐོང་རྒྱུ་མེད་པས། ཁྱོད་ཀྱིས་ལེ་ལོ་བྱས་པ་རེད་ཟེར་ནས་གཤེ་གཤེ་བཏང༌།
      རྟ་ཕོས་ཐོས་ནས་ཡི་མ་རང་པར། སྤུན་ཆུང་སྐྱ་ཀ་ལགས། སྐད་ཆ་སོམས་ལ་ཤོད། ཁྱོད་ཀྱིས་ཕུ་བོ་གླང་རྒན་ལ་བསྙད་བཏགས་སོང༌། ཁྱོད་ཀྱིས་ང་ཡི་ལུས་སྟེང་གི་རྔུལ་ཆུ་མཐོང་བ་ལས། ཕུ་བོ་གླང་རྒན་སྟེང་གི་རྔུལ་ཆུ་མ་མཐོང་ངམ་ཞེས་སྨོས།
      སྐྱ་ཀས་མིག་གཉིས་ཆེར་བགྲད་དེ། ཨ་ཁུ་གླང་རྒན་ལུས་སྟེང་གི་རྔུལ་ཆུ་ག་རེ། ང་ཡིས་ཅིའི་ཕྱིར་མ་མཐོང་ངམ་ཞེས་དྲིས། རྟ་ཕོ་ན་རེ།ཁྱོད་ཀྱིས་ཕུ་བོ་གླང་རྒན་གྱི་རྨིག་ག་དང་ཁ་སྣ་ལ་ཞིབ་ཏུ་ལྟོས་དང༌། མཐོང་ངམ་ཞེས་སྨོས།
      སྐྱ་ཀས་འཕུར་ཚད་ཇེ་དལ་ལ་བཏང་ནས། གླང་རྒན་གྱི་གམ་ལ་གཏུགས་ནས་ཞིབ་ཏུ་བལྟས་པ་ན། ཨ་ཙེ་ཨ་ཙེ། གླང་རྒན་གྱི་རྨིག་གའི་བར་དང༌། ཁ་སྣའི་སྟེང་ན་རྔུལ་ཆུའི་ཐིགས་པ་མང་པོ་འཛུམ་འདུག་པ་མཐོང༌། སྐྱ་ཀས་དེ་མ་ཐག་ཐུགས་རྒྱལ་མ་བཞེངས། ཨ་ཁུ་གླང་རྒན་ལགས། ང་ནོར་སོང༌། ང་ཡིས་ཁྱོད་ལ་བསྙད་བཏགས་སོང་ཟེར་ནས་དགོངས་དག་ཞུས།
      གླང་རྒན་དགོད་ཀྱིན་མགོ་བོ་སྨད་དེ་མུ་མཐུད་དུ་ཤེད་ཤུགས་ཡོད་རྒུས་ཤིང་རྟ་དྲུད།
      གྲོགས་པོ་ཆུང་ཆུང་ཚོ། གསེར་ས་ནས་བཞག་ཀྱང་འོད་ནམ་མཁར་ཁྱབ་ཟེར་བ་ནང་བཞིན། གལ་ཏེ་ཁྱོད་ལ་ཡོན་ཏན་རེ་ལྡན་ཚེ། ཁྱོད་རང་གིས་ངོམ་མི་དགོས་ལ། གཞན་གྱིས་རེ་ཞིག་མ་མཐོང་ཡང་དེ་ལ་འཁང་ར་བྱེད་མི་དགོས། དུས་ནམ་ཞིག་གི་ཚེ། ཁྱོད་ཀྱི་ཡོན་ཏན་དེ་མ་ངོམ་རང་མངོན་གྱིས་ཁྱོད་ལ་དགེ་མཚན་འཁྱེར་འོང༌། བྱ་བ་ཅི་བྱེད་ཀྱང་གཞན་ལ་སྟོན་པའི་ཆེད་དང་གཞན་གྱིས་དོ་སྣང་བྱེད་མིན་གྱི་ཆེད་དུ་མ་ཡིན་པར། རང་གི་སེམས་ལ་རག་ལས། དེ་མིན། དོན་དག་ཆེ་་ཆུང་གང་ལའང་སྔོན་ན་བརྟག་དཔྱད་གསལ་པོ་བྱས་རྗེས། ད་གཟོད་རང་གི་ལྟ་ཚུལ་བརྗོད་ཆོག བརྟག་དཔྱད་ཞིབ་འཇུག་མི་བྱེད་པར། ཕྱི༌ཚུལ་ཙམ་ལ་བལྟས་ནས་དོན་གྱི་བཟང་ངན་བརྗོད་ཚེ། གཏམ་རྒྱུད་ཁྲོད་ཀྱི་སྐྱ་ཀ་ནང་བཞིན་ནོར་འཁྲུལ་བཟོ་སྲིད། ཁྱོད་ཀྱིས་བལྔས་ན་དེ་ལྟར་རེད་དམ།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号