ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །ཁམ་བུའི་སིལ་སྡོང་ཨུ་ཚུགས་ཅན།
སྤེལ་དུས།03-15  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      ས་ཆ་ཞིག་ན་ལོ་མང་རིང་སྐྱེས་པའི་ཁམ་བུའི་སྡོང་བོ་ཞིག་ཡོད་ལ། དེའི་སྡོང་རྩེ་དགུང་ལ་བསྙེགས་ཤིང༌། ཡལ་འདབ་རབ་ཏུ་རྒྱས་ནས་ལྗོན་པ་ཀུན་གྱི་རྩེ་རུ་བུད་འདུག
      དུས་ཡུན་རིང་པོ་སོང་བ་ན། སྡོང་རྒན་དེ་ལ་ང་རྒྱལ་གྱི་ས་བོན་འབུས་ནས་ཉིན་རེ་རེར་རང་གི་ལྗང་མདོག་གི་སྨྲ་རར་བྱིལ་བྱིལ་བྱེད་ཀྱིན་རང་བསྟོད་བྱེད། ཡིན་ཡང༌། མི་རྣམས་དེ་ལ་སུན་སྣང་མི་སྐྱེས་པར་སྔར་བཞིན་དེ་ལ་དགའ་ཞེན་ཆེ་བ་རེད། རྒྱུ་མཚན་ནི་ལོ་རེའི་དཔྱིད་ཀར་ཁམ་བུའི་མེ་ཏོག་གི་དྲི་ཞིམ་ཕྱོགས་བཞིར་ཁྱབ་ནས་མི་རྣམས་ལ་སྣང་བ་སྐྱིད་པོ་ཞིག་སྦྱིན་པ་དང༌། དབྱར་གྱི་དུས་ན་ཁམ་བུ་སིལ་ཏོག་སྨིན་ནས་མི་རྣམས་ཀྱིས་ཡིད་ཚིམ་པ་ཞིག་ཟོས་ཆོག
      ཡིན་ནའང༌། ཁམ་བུའི་སིལ་སྡོང་ཡིད་སྐྱོ་བ་ལ། ད་ལོ་ཁམ་བུ་མེ་ཏོག་བཞད་ཚུལ་ལོ་སྔོན་མར་མི་དོ་བ་དང༌། ཡལ་འདབ་ཀྱི་ལོ་མའང་མི་ཉུང་བ་ཞིག་ལྷུང་སོང༌།
      བྱིའུ་སྡོང་བརྐོ་ཞིག་འཕུར་འོངས་ནས་ཁམ་བུའི་སིལ་སྡོང་ལ། གུས་ཤིང་བརྩེ་བའི་ཁམ་བུ་སྡོང་བོ་ལགས། ཁྱེད་ཀྱི་ལུས་ན་འབུ་ཁུང་མང་པོ་ཡོད་པས། ང་ཡིས་ཁྱེད་ཀྱི་ནད་ལ་བརྟག་པར་བྱ་ཞེས་ཟེར། ཁམ་བུའི་སིལ་སྡོང་གིས་ཐོས་འཕྲལ། མྱུར་དུ་ལུས་སྟེང་གི་འབུ་ཁུང་ལོ་མས་གཡོགས་ནས། བདག་གི་ལུས་ན་འབུ་ཁུང་ཞིག་ག་ལ་ཡོད། ང་ལ་ནད་བཅོས་བྱེད་དོན་མེད་ཅེས་ཟེར།
ལོ་གཅིག་ཡང་ཕར་འདས་སོང༌། ཁམ་བུའི་སིལ་སྡོང་གི་ལོ་མ་ལྷག་པར་ཇེ་ཉུང་དུ་སོང་ཞིང༌། མེ་ཏོག་ཀྱང་ཇེ་ཉུང་དུ་སོང༌། བྱིའུ་སྡོང་བརྐོ་སླར་ཡང་འཕུར་འོངས་ནས། བླ་མེད་ཀྱི་ཁམ་བུ་སིལ་སྡོང་ལགས། ཁྱེད་ལ་ནད་བཅོས་ཐེངས་ཤིག་བྱེད་རན། ཁྱེད་ཀྱི་ལུས་སྟེང་གི་ཁུང་བུ་ཇེ་ཆེར་སོང་བ་མིན་ནམ་ཞེས་དྲིས། ཁམ་བུའི་སིལ་སྡོང་གིས་ཅིར་མི་སྙམ་པའི་ངང་ན་རེ། ཁུང་བུ་ཆུང་ངུ་ཞིག་ལ་སྐྲག་དགོས་དོན་ཅི། སྟོན་ཀ་སླེབ་ཚེ་གནོད་འབུ་རྣམས་རང་ཤུགས་སུ་འཆི་དེས་ཟེར་ནས། བྱིའུ་སྡོང་བརྐོ་ལ་ཁ་ཡ་མ་བྱས། བྱིའུ་སྡོང་བརྐོ་ཡིས་མགོ་བོ་གཡུག་ཅིང་དངན་པ་འཐེན་ནས་འཕུར་སོང༌།
      དེ་ནས་དུས་ཡུན་རིང་པོ་མ་འགོར་བར། ཁམ་བུའི་སིལ་སྡོང་གི་ལོ་མ་ཕལ་ཆེར་ལྷུང་ནས་ཚར། དུས་དེར་ཁམ་བུའི་སིལ་སྡོང་གིས་བྱིའུ་སྡོང་བརྐོའི་སྐད་ཆ་ཡིད་ལ་དྲན་མོད། ཡིན་ནའང༌། འཕྱི་དྲགས་པས་ཅང་མ་འགོར་བར། ཁམ་བུའི་སིལ་སྡོང་དེ་འབུས་ཟོས་ནས་སྐམ་སོང༌།
      གྲོགས་པོ་ཆུང་ཆུང་ཚོ། གལ་ཏེ་ན་ཚ་བྱུང་ཚེ། དུས་སྔ་མོ་ནས་སྨན་པར་བསྟེན་དགོས་པ་ལས། ཨུ་ཚུགས་བྱས་ནས་འགོར་འགྱངས་བྱེད་མི་འོས། ཨུ་ཚུགས་བྱས་ནས་འགོར་འགྱངས་བྱས་ན་ནད་ཇེ་ལྩིར་གཏོང་སྲིད། མི་ཞིག་གི་དགེ་སྐྱོན་ཡང་དེ་དང་འདྲ་སྟེ། སྐྱོན་ཆ་ཆུང་ངུའི་དུས་ནས་ཡོ་སྲིང་བྱས་ཚེ་སྐྱོན་ཆ་ཆེན་པོ་འབྱུང་མི་སྲིད། གལ་ཏེ། རང་ལ་སྐྱོན་ཆ་ཡོད་པ་ཤེས་བཞིན་དུ་ཨུ་ཚུགས་ཀྱིས་བཀབ་ནས་ཁས་ལེན་མི་འདོད་ཚེ། མཐའ་མར་སྐྱོན་ཆ་ཆེར་གྱུར་ནས་རང་ཉིད་བརླག་པའི་རྒྱུར་འགྱུར་དེས། རྟག་པར་རང་སྐྱོན་ལ་བརྟགས་པ་དང་གཞན་གྱི་རོགས་རམ་ཁེངས་སྐྱུང་ངང་དང་ལེན་བྱས་ཚེ་ད་གཟོད་མི་ཡ་རབས་ཤིག་གི་སྤྱོད་པ་ལྡན་དེས།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号