ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །འབུ་ཐོམ་བུའི་གྲོགས་པོ་གསར་བ།
སྤེལ་དུས།03-15  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      ཉིན་ཞིག་ལ་འབུ་ཐོམ་བུ་ཞིག་གཙང་ཆུའི་ནང་གཅིག་པུར་རྩེད་མོ་རྩེས། གློ་བུར་དུ། སྲོག་ཆགས་ཆ་མེད་ཅིག་ཁོའི་སར་རྐྱལ་འོངས། ཨི་ཙེ། འདི་ཅི་རེད། མགོ་ན་མིག་གོར་གོར་གཉིས། ལུས་པོའི་མགོ་རྔ་འབུག་འབུག་དཀྱིལ་ཟླུམ་ཟླུམ། སྟེང་དུ་ད་དུང་དངུལ་མདོག་གི་ལེབ་མོ་རེ་རེ་སྐྱེས་འདུག་པ་འདི་ཅི་ཞིག་རེད། འབུ་ཐོམ་བུ་ཡ་མཚན་སྐྱེས་ནས། ཁྱོད་རང་སུ་ཡིན་ཞེས་དྲིས། སྲོག་ཆགས་ཆ་མེད་དེ་ན་རེ། ང་ཉ་མོ་ཆུང་ཆུང་ཡིན་ཞེས་ལན་བཏབ།
      འབུ་ཐོམ་བུས་ཉ་མོ་ཆུང་ངུའི་རྔ་མ་ཕར་གཡུག་ཚུར་གཡུག་བྱེད་པ་མཐོང་ནས་ཁྱོད་ཀྱི་རྔ་མར་ནུས་པ་ཅི་ཡོད་ཟེར། ཉ་མོ་ཆུང་ཆུང་ན་རེ། ང་ཡི་རྔ་མས་ང་ལ་རྐྱལ་རོགས་བྱེད་ཐུབ། ཡིད་མི་ཆེས་ཚེ། ཁྱོད་རང་ང་ཡི་རྗེས་སྙོགས་དང་འོ་ཅག་གཉིས་ཆུ་ནང་དུ་མྱུར་མོར་མདུན་དུ་རྐྱལ་ནས་སུ་མགྱོགས་ལ་བལྟ་ཨེ་ཟེར། འབུ་ཐོམ་བུས་དགའ་དགའ་སྤྲོ་སྤྲོའི་ངང་ཁས་བླངས།
ཉ་མོ་ཆུང་ཆུང་གིས་རྔ་མ་ཤེད་ཀྱིས་གཡུག་གིན་མྱུར་མོར་མདུན་དུ་རྐྱལ་སོང༌། འབུ་ཐོམ་བུས་ཀྱང་ཤེད་ཤུགས་བཀོལ་ནས་རྗེས་བསྙེགས། ཉ་མོ་ཆུང་ཆུང་གིས་འབུ་ཐོམ་བུ་དང་རྩེད་མོ་རྩེས་ནས་དགའ་དྲགས་ཡར་མར་ལ་མཉམ་མ་བཞག་པས། སེམས་ཆུང་མ་བྱས་པར་མགོ་ཡིས་བྲག་རྡོ་ཞིག་ལ་གདོང་གཏུག་བརྒྱབ། འབུ་ཐོམ་བུ་མྱུར་དུ་ཉ་མོ་ཆུང་ཆུང་གམ་དུ་འོངས་ནས། ཁྱོད་མི་སྐྱོན་པ་ཞེས་དྲིས། ཉ་མོ་ཆུང་ཆུང་དགོད་ཞོར་དུ་ན་རེ། ང་ལ་སྐྱོན་ཅི་ཡང་མེད། ཁྱོད་ཀྱིས་ལྟོས་དང༌། ང་ཡི་ལུས་སྟེང་གི་དངུལ་མདོག་གི་ལེབ་མོ་འདི་དག་གི་མིང་ལ་ཉ་ཁྲབ་ཟེར། ཧ་ཅང་སྲ་མཁྲེགས་ཡིན། འདི་དག་ནི་ཆེད་དུ་ང་ཡི་ལུས་པོ་སྲུང་སྐྱོབ་བྱེད་སྤྱད་ཡིན། དེར་བརྟེན། ང་རང་རྡོ་ཐོག་ཏུ་བརྒྱབ་ཀྱང་སྐྱོན་ཅི་ཡང་མི་འདུག་ཅེས་སྨོས།
      དེ་ནས་བཟུང༌། འབུ་ཐོམ་བུ་ལ་ཡང་གྲོགས་པོ་གསར་བ་ཉ་མོ་ཆུང་ཆུང་ཡོད་སོང༌།
      གྲོགས་པོ་ཆུང་ཆུང་ཚོ། ཁྱོད་ཚོར་ཆུ་ནང་གི་ཉ་མོར་ཆ་རྒྱུས་ཨེ་ཡོད། ཉ་མོ་ཆུ་ནང་དུ་བདེ་མྱུར་ངང་ཕར་རྐྱལ་ཚུར་རྐྱལ་བྱས་ཀྱང་ཆུ་གཏིང་དུ་མི་འཚུབ་དོན་ཅི། ཉ་མོའི་ལུས་སྟེང་གི་ཁྲབ་ལ་བཀོལ་ས་ཅི་ཡོད། རང་བྱུང་ཁམས་ནི་མཚར་སྣང་གིས་ཁེངས་པའི་འཇིག་རྟེན་ཞིག་ཡིན་ཕྱིར། གལ་ཏེ་ཁྱོད་ལ་སྤྲོ་བ་དང་བརྩོན་པ་ལྡན་ཚེ། ཁྱད་མཚར་བའི་ཤེས་བྱ་དེ་རུ་ཡོད།
མཁས་པའི་ལེགས་བཤད་ལས། རྒྱ་མཚོ་ཆུ་ཡིས་མི་ངོམས་ཤིང༌། །རྒྱལ་པོའི་བང་མཛོད་ནོར་གྱིས་མིན། །འདོད་ཡོན་སྤྱད་པས་མི་ངོམས་ཏེ། །མཁས་པ་ལེགས་བཤད་ཀྱིས་མི་ངོམས། ཞེས་ཟེར་བ་མིན་ནམ།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号