ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །ཆུ་སྲིན་གྱིས་མགྲོན་བྱས་པ།
སྤེལ་དུས།03-15  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      གཙང་ཆུ་ཆེན་མོ་ཞིག་གི་འགྲམ་ན། ཆུ་སྲིན་ཆེན་མོ་ཞིག་བཀྲེས་ལྟོགས་ཀྱིས་མནར་ནས་ཁ་ཟས་འཚོལ་གྱིན་ཡོད། དེས་སྡོང་མགོ་ན་བྱིའུ་ཞིག་ཡོད་པ་མཐོང་ནས། མིག་གཉིས་ཀླད་ལ་བསྐོར་བཞིན་གློ་བུར་དུ་ཡིད་ལ་ངན་ཞིག་དྲན། ཆུ་སྲིན་གྱིས་ཁ་ཆེ་རུ་གདངས་ནས་ན་རེ། སྙིང་ཉེ་བའི་བྱིའུ་གྲོགས་པོ་ལགས། ཁྱོད་ཀྱི་གསུས་པ་ལྟོགས་སམ། ང་ཡིས་སོ་བར་ན་ཟས་ཞིམ་པོ་མང་པོ་ཡོད། ང་ཡི་ཁྱོད་ལ་མགྲོན་བྱེད། ཁྱོད་ཀྱིས་བཞེས་རོགས་གནང་ཟེར། བྱིའུ་ངོ་མས་ལྟོགས་འདུག ཡིན་ནའང༌། ཆུ་སྲིན་གྱི་ཁ་བོ་ཆེ་ནང་གི་ཆེ་ལ་རྣོ་བའི་སོ་རྒན་དེ་དག་མཐོང་འཕྲལ་སེམས་ལ་འཇིགས་སྣང་སྐྱེས། ཆུ་སྲིན་གྱིས་ད་དུང་བྱིའུ་ལ་བསླུ་བྲིད་གཏོང་བསམ་བཞིན་པའི་སྐབས་སུ། བྱིའུ་སོ་ཐར་ཞིག་འཕུར་འོངས། བྱིའུ་སོ་ཐར་ནི་ཆེད་དུ་ཆུ་སྲིན་གྱི་སོ་བར་བསལ་བའི་བྱིའུ་རིགས་ཤིག་རེད། ཆུ་སྲིན་གྱིས་དེ་མཐོང་མ་ཐག་སྙིང་ཐག་པ་ནས་དགའ་སྟེ་མྱུར་དུ་མདུན་བསུས་ནས་ན་རེ། གྲོགས་པོ་ལགས། ཁྱེད་ཀྱིས་བཞེས་རོགས་གནང་ཟེར་ནས་ཁ་ཆེས་ཆེར་གདངས་ནས་བསྡད། བྱིའུ་སོ་ཐར་ཆུ་སྲིན་གྱི་ཁ་བོ་ཆེ་ནང་དུ་འཛུལ་ནས། ཆུ་སྲིན་གྱི་སོ་བར་གྱི་ཟས་ལྷག་རྣམས་གཙང་མ་ཡང་མ་ཞིག་ཟོས་རྗེས་བདེ་འཇགས་ངང་འཕུར་སོང༌། ཆུ་སྲིན་གྱིས་གདོང་ལ་འཛུམ་ཞིག་ལངས་ནས། ཁྱོད་ཀྱིས་ལྟོས་དང་ཅི་འདྲ་རེད། ང་ལ་ད་དུང་ཡིད་མི་ཆེས་སམ་ཞེས་སྨོས།
      བྱིའུའི་སེམས་ཀྱི་འཛེམས་དོགས་ཡོངས་སུ་མེད་པར་གྱུར་ཏེ། གཤོག་ཟུང་རྡེབ་ནས་ཆུ་སྲིན་གྱི་ཆེས་ཆེར་གདངས་པའི་ཁ་ནང་དུ་འཕུར་ཏེ། བྱིའུ་སོ་ཐར་དང་འདྲ་བར་ཆུ་སྲིན་སོ་བར་གྱི་ཟས་ལྷག་དེ་དག་རྒྱགས་ཆད་པ་ཞིག་ཟ་འདོད། ཡིན་ནའང༌། བྱིའུས་ཆུ་སྲིན་ཀྱི་སོ་བར་ན་ཟས་ཞིམ་པོ་ཅི་ཞིག་ཡོད་པའང་མ་མཐོང་བར་ཆུ་སྲིན་གྱི་ཁ་ཟས་སུ་གྱུར་སོང༌།
      གྲོགས་པོ་ཆུང་ཆུང་ཚོ། ཁ་དཔེ་ལ། བཤད་བཤད་ཡོད་ཚད་ཉན་རྒྱུ་མེད། བྱིན་བྱིན་ཡོད་ཚད་ཟ་རྒྱུ་མེད་ཟེར་བ་རེད། འཇིག་རྟེན་ཟེར་བ་འདི་ཁྲ་ཁྲ་རིག་རིག་ཡིན་ཕྱིར། མིའང་རྣམ་པ་སྣ་ཚོགས་ཡིན། རང་གིས་གཞན་ལ་ངན་སེམས་བཅངས་མི་རུང་མོད། ཡིན་ནའང། མི་གཞན་པའི་ངན་སེམས་ཀྱི་སྐད་ཆར་ཉན་མི་རུང་བ་དང༌། གཞན་གྱི་གཡོ་འོག་ཏུ་ཚུད་པར་དོགས་ཟོན་བྱེད་དགོས།
      མཁས་པའི་ལེགས་བཤད་ལའང༌། རང་ལ་ངན་སེམས་མེད་ཅེས་ཏེ། །ཕལ་བ་ཀུན་ལ་ཡིད་མི་བརྟན། །རི་དྭགས་རྒྱུན་དུ་སེམས་བཟང་ཡང༌། །མཆེ་བ་ཅན་རྣམས་ཟས་སུ་བསྒོམ། །ནམ་རྒྱུན་གཞན་ལ་ངན་སེམས་བཅངས་མི་འོས་མོད། ཡིན་ཡང་གཞན་གྱི་ངན་སེམས་ལ་དོགས་ཟོན་བྱ་འོས། རྒྱུ་མཚན་ནི་འཇིག་རྟེན་འདི་ནི་དག་པའི་ཞིང་ཁམས་ཤིག་མ་ཡིན་ནོ། །

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号