ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །བློ་རིག་རྒོད་པའི་མྱུལ་ཞིབ་པ།
སྤེལ་དུས།03-15  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      ལོ་གསར་ཚེ་གཅིག་གི་ཞོགས་པར། ནགས་ཚལ་ཆེན་མོའི་ཁྲོད་ཀྱི་སྲོག་ཆགས་རྣམས་སྔ་མོ་ནས་མལ་ལས་ལངས་ནས་ཕན་ཚུན་ལ་གནམ་ལོ་གསར་ཚེས་ཀྱི་བཀྲ་ཤིས་རྟེན་འབྲེལ་ཞུས། ཅོ་ག་ཆུང་བ་བྱིའུ་འཇོལ་མོ་ཚང་ལ་སོང་ནས། ཨ་ཆེ་འཇོལ་མོ། ལོ་གསར་བཟང་ངམ་ཞེས་སྐད་བརྒྱབ་ནས་ལོ་གསར་གྱི་རྟེན་འབྲེལ་ཞུས། ཡིན་ནའང་ལན་ལྡོག་མི་མེད་སོང༌། དེ་ནས་ཅོ་གས་ཡང་སྐད་ཡོད་ཚད་ཕྱུང་ནས། ཨ་ཆེ་འཇོལ་མོ། ལོ་གསར་བཟང་ངམ་ཞེས་སྨོས་ཀྱང་གྲགས་འགུལ་ཅི་ཡང་མེད་སོང༌། ཅོ་གའི་སེམས་ལ། འཇོལ་མོ་འདི་ཅི་འདྲའི་ལེ་ལོ་ཆེ་ཨང༌།གནམ་ལོ་གསར་ཚེས་ཀྱི་ཉིན་མོ་ཉི་མ་རྐུབ་ཤའི་སྟེང་བརྒྱབ་ཀྱང་ད་དུང་གཉིད་ལ་ཡུར་འདུག་བསམ་བཞིན་འཇོལ་མོ་ཚང་གི་སྒོ་ཕྱེ་ནས་ནང་དུ་སོང་བ་ན། ཁྱིམ་དུ་ཟ་དེ་ཟིང་དེ་ཞིག་ཏུ་བཏང་ཞིང༌། བྱིའུ་འཇོལ་མོའི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མ་བྱུང༌། གཏམ་དེ་རླུང་ལྟར་ཕྱོགས་ཀུན་ཏུ་ཁྱབ་སོང༌། ཚང་མས་ཕྱོགས་ཕྱོགས་སུ་སོང་ནས་བྱིའུ་འཇོལ་མོ་བཙལ། ཁོ་ཚོ་ཚང་མ་བྱིའུ་འཇོལ་མོར་ཤིན་ཏུ་དགའ་ཞེན་ཆེ་བས་བྱིའུ་འཇོལ་མོ་གར་སོང་མ་ཤེས་པར་སེམས་འཚིག་ནས་བཟོད་གླགས་མེད། ཚང་མས་་སྡོང་བོའི་སྲུབས་ཀ་རེ་རེ་དང་རྡོ་བར་རེ་རེ་ཙམ་ཡང་མ་སྐྱུར་བར་ཕྱོགས་ཕྱོགས་སུ་བཙལ་མཐར། གསོམ་སྡོང་ཆེན་པོ་ཞིག་གི་གམ་དུ་ཁྲག་ཐིགས་མང་པོ་སར་འཐིམ་འདུག་པ་མཐོང༌། ཁྲག་ཐིགས་དང་ཐག་མི་རིང་ས་ན། དྲིལ་བུ་ཆུང་ཆུང་ཞིག་འཕངས་འདུག ཨ་ལ། དེ་ནི་བྱིའུ་འཇོལ་མོས་གླུ་དབྱངས་ལེན་སྐབས་དཀྲོལ་བའི་དྲིལ་བུ་མ་ཡིན་ནམ། བྱིའུ་འཇོལ་མོ་གཞན་གྱིས་བསད་སོང༌། གཏམ་ངན་དེ་གཅིག་གིས་གཅིག་ལ་བརྒྱུད་ནས། ཚང་མས་བྱིའུ་འཇོལ་མོ་གསོད་མཁན་ལག་དམར་ལ་སེམས་གཏིང་ནས་སྡང་སེམས་སྐྱེས། སྲོག་ཆགས་ཚོས་ཁ་བསྡུར་ལངས་ནས་གླེང་མོལ་བྱེད་སྐབས། ཙི་གུ་ཞིག་དངངས་སྐྲག་ངང་བརྒྱུགས་འོངས། ཙི་གུ་ན་རེ། ད་ནངས་སྔ་སེ་ང་ཡིས་བྱི་ལ་ནག་རོག་གི་ཁ་ན་ཁྲག་རྗེས་དང་བྱིའུ་སྒྲོ་སེར་པོ་ཡོད་པ་མཐོང་ཟེར། ཚང་མས་སྐད་དེ་ཐོས་འཕྲལ་དེ་མ་ཐག་ང་ཚོ་ཚང་མ་ཉེན་རྟོག་དཔོན་པོ་དྲེད་མོ་འཚོལ་དུ་འགྲོ། དྲེད་མོར་ལག་དམར་འཛིན་དུ་འཇུག་ཟེར་ནས་དྲེད་མོ་འཚོལ་དུ་སོང༌། ཉེན་རྟོག་དཔོན་པོ་དྲེད་མོས་མྱུར་དུ་མྱུལ་དཔྱད་པ་ཝ་མོ་བོས་ནས། ཁྱོད་ཀྱིས་གྱོད་དོན་འདི་རྩད་གཅོད་བྱོས་ཞེས་གདམས། ཝ་མོ་བྱིའུ་འཇོལ་མོ་བསད་སར་འོངས་ནས་སེམས་ཞིབ་མོས་འདྲ་པར་བླངས་ཤིང་ཉེན་ཞིབ་བྱས། མཇུག་མཐར། ཝ་མོས་བྱི་ལ་ནག་རོག་བོས་ནས། བྱི་ལ་ནག་རོག ཁྱོད་མདང་དགོང་གང་དུ་ཡོད་ཅེས་དྲིས། བྱི་ལ་ནག་རོག་གིས་ཁ་སྤུ་གཟེངས་གཟེངས་བྱས་ཤིང་མིག་གཉིས་བགྲད་བགྲད་བྱས་ནས་ན་རེ། ཅི་རེད། ང་ལ་དོགས་པ་ཟའམ། མདང་དགོང་ང་ཡིས་བརྙན་འཕྲིན་ལ་བལྟས་པ་ཡིན། ལོ་གསར་དགོང་ཚོགས་ལ་བལྟས་པ་ཡིན་ཟེར། བརྙན་འཕྲིན་བལྟས་ཚར་རྗེས་ཅི་བྱས། ཝ་མོས་མུ་མཐུད་དུ་དྲིས། བྱི་ལ་ནག་རོག་ན་རེ། བརྙན་འཕྲིན་བལྟས་ཚར་རྗེས་བྱི་ལ་དཀར་མོ་དང་བྲོ་འཁྲབ་ཞེས་སྨོས། བྲོ་འཁྲབ་ཨེ། ས་གང་ནས་བྲོ་འཁྲབ་པ་ཡིན། མེ་ཏོག་སྐྱེད་ཚལ་ནང་དུ་འཁྲབ་པ་ཡིན། ཧ། ཧ། མེ་ཏོག་གི་སྐྱེད་ཚལ་ངོ་མས་ས་སྐྱིད་ས་ཞིག་རེད། དེ་ན་མེ་ཏོག་པད་མ་བཞད་ཅིང༌། ནམ་མཁའི་ཟླ་བ་ཆེ་ཞིང་སྐོར། བྱི་ལ་ནག་རོག་གིས་དེ་ལྟར་སྨོས། རྫུན་མ་ལབ། ཝ་མོས་ངར་སྐད་ཅིག་བསྒྲགས་པ་དང་མཉམ་དུ་བྱི་ལ་ནག་རོག་ལ་ལྕག་སྒྲོག་བརྒྱབ། ང་ཡིས་རྫུན་མ་ལབ། བྱི་ལ་ནག་རོག་གིས་ད་དུང་གཡོ་སྒྱུའི་ངང་ནས་བཤད།
      སྐབས་དེར་ཉེན་རྟོག་དཔོན་པོ་དྲེད་མོའང་བསླེབས་འོངས། ཁ་སང་ནི་གནམ་གང་ཡིན་ཕྱིར། ཟླ་བ་སྐོར་སྒོར་མེད་ལ། ད་ལྟ་རྣི་དགུན་དཀྱིལ་ཡིན་ཕྱིར་ང་ཆོའི་ས་འདིར་མེ་ཏོག་པད་མའང་བཞད་མི་སྲིད། ཁྱོད་ཀྱིས་རྫུན་ལབ་པ་མིན་ནམ་ཞེས་ཝ་མོས་གཟི་ཉམས་དང་བཅས་སྨོས། བྱི་ལ་དེ་ཉིད་ལྐུགས་པ་བའིན་སྨྲ་བརྗོད་དང་བྲལ། རེ་ཞིག་ནས་ང་ཡིས་ཉེས་པ་ཁས་ལེན་ཟེར་ནས་མགོ་བོ་སྨད་སོང༌།
      གྲོགས་པོ་ཆུང་ཆུང་ཚོ། རྫུན་གཏམ་ནི་ཇི་ལྟར་སྙན་ཡང་མཐའ་མར་རྔ་མ་ཕྱིར་འབུད་དེས་ལ། ཐ་ཤལ་གྱི་སྤྱོད་པ་ནི་ནམ་ཡང་སྐྱེ་བོ་ཀུན་གྱིས་སུན་འབྱིན་བྱེད་པའི་གནས་ཡིན་པས་ན། ང་ཚོས་ཆུང་དུས་ནས་རྫུན་བཤད་མི་འོས། དོན་དག་བསྒྲུབས་ནས་ནོར་འཆུག་བཟོས་ཀྱང་རྫུན་མི་བཤད་པར་གཏམ་དྲང་མོར་བརྗོད་ན་ཀུན་གྱིས་གུ་ཡངས་གཏོང་སྲིད། དོན་དག་ཕྲན་བུ་ཡིན་ཡང་རྫུན་མི་ལབ་པ་གལ་ཆེ། གལ་ཏེ་ང་ཚོ་རྫུན་ལབ་པར་ལོབ་ཚེ་མཐའ་མར་སུས་ཀྱང་ཁྱོད་ལ་ཡིད་མི་ཆེས། རྫུན་ལབ་པ་ནི་གཤིས་ཀ་ངན་པ་ཞིག་ཡིན། གལ་ཏེ་ཁྱོད་ཀྱིས་སྔོན་ཆད་རྫུན་བཤད་མྱོང་ན། ད་ནས་བཟུང་མི་ལབ་པར་གྱིས། སྔོན་ཆད་ཀྱང་རྫུན་ལབ་མ་མྱོང་ཚེ། མུ་མཐུད་དུ་གཤིས་ཀ་བཟང་པོ་དེའི་རྒྱུན་སྐྱོང་རྒྱུ་གལ་ཆེའོ། །

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号