ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །བྱི་ལ་ཁྲ་རིས་མས་ཁ་སྤུ་བཞར་བ།
སྤེལ་དུས།03-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      བྱི་ལ་ཆུང་ཆུང་ཞིག་ཡོད་པའི་མིང་ལ་ཁྲ་རིས་མ་ཟེར།  བྱི་ལ་ཁྲ་རིས་མ་ཤིན་ཏུ་ཡག་དགའ་ཆེ་བས། ཉིན་རེ་རེར་གདོང་ལ་སྐག་བྱུགས།

    ཉིན་ཞིག་ལ། དེས་མེ་ལོང་ནང་བལྟས་ནས་སྐག་འབྱུག་པའི་དུས་སུ། རང་གི་ཁ་སྤུ་དེ་རིང་ཐུང་མི་མཉམ་པ་མཐོང་ནས། མི་མཛེས་པར་སྙམ་སྟེ། རིང་ཐུང་མཉམ་མཉམ་བྱ་དགོས་བསམས་ནས་ཁེ་གྲི་བཙལ། ཨ་མས་བྱི་ལ་ཁྲ་རིས་མས་ཕྱོགས་ཕྱོགས་གཡེང་བཞིན་པ་མཐོང་ནས། ཁྲ་རིས་མ།  ཁྱོད་ཀྱིས་ཅི་བྱེད་ཀྱིན་ཡོད་ཅེས་དྲིས། བྱི་ལ་ཁྲ་རིས་མས་ཁེ་གྲི་འཚོལ་གྱིན་ཡོད་ཅེས་ཟེར།ཨ་མས་ཡང་ཁེ་གྲི་བཙལ་ནས་ཅི་བྱ་ཞེས་དྲིས། བྱི་ལ་ཁྲ་རིས་མས་རང་གི་ཁ་སྤུ་ལ་མཛུབ་མོས་བསྟན་ནས།    རིང་ཐུང་མི་མཉམ་ཞིང་བལྟས་ན་མི་མཛེས་པས།  ང་ཡིས་གཞར་རྒྱུ་ཡིན་ཞེས་ལན་བཏབ།  ཨ་མ་གད་མོ་དགོད་ཀྱིན་ན་རེ།གླེན་ཕྲུག་ཁྱོད།ང་ཚོའི་ཁ་སྤུ་གཞར་མི་རུང་ཟེར། བྱི་ལ་ཁྲ་རིས་མས། ཅིའི་ཕྱིར་གའར་མི་རུང་བ་ཡིན། མཉམ་པོ་བྱས་ཚེ་མི་མཛེས་སམ་ཞེས་དྲིས།ཨ་མ་ན་རེ།མཛེས་པ་ཁོ་ནས་ཅི་ལ་ཕན། ང་ཚོའི་ཁ་སྤུ་ལ་ནུས་པ་གལ་ཆེན་ཡོད་པ་རེད་ཅེས་སྨོས། ནུས་པ་ཅི་ཞིག་ཡོད།  བྱི་ལ་ཁྲ་རིས་མས་ཁ་སྤུ་ལ་ནུས་པ་འདྲ་ཡོད་པ་ཡེ་ནས་མི་ཤེས།ཨ་མ་ན་རེ། ང་ཚོའི་ཁ་སྤུའི་རིང་ཐུང་དེ་ང་ཚོའི་ལུས་པོའི་ཆེ་ཆུང་དང་མཉམ་པ་རེད། ལུས་པོ་ཇི་ལྟར་ཆེ་ན།  ཁ་སྤུ་དེ་ལྟར་རིང༌།ང་ཚོ་ཁུང་བུར་འཛུལ་དུས། ནམ་ཡང་སྔོན་ན་མགོ་ཁུང་བུའི་ནང་བསྲིངས་ནས་ཚོད་ལྟ་བྱེད། གལ་ཏེ། ཁ་སྤུ་ཁུང་བུའི་འགྲམ་ལ་མི་ཐོགས་པ་ན།  ང་ཚོའི་ལུས་པོའང་ནང་དུ་འགྲོ་ཐུབ་པ་བདེན་དཔང་བྱེད་པ་རེད།  ཁྱོད་ཀྱིས་ཤོད་དང༌།  ཁ་སྤུ་ལ་ནུས་པ་ཡོད་དམ་ཞེས་བརྗོད།
    ཨ་མའི་སྐད་ཆར་ཉན་རྗེས་བྱི་ལ་ཁྲ་རིས་མས་ཧ་གོ་སོང༌།  སྐབས་ལ་ལར་བལྟས་ཚོད་ཀྱིས་ཁུང་བུ་ཆེ་བ་འདྲ་ཡང་ནང་དུ་འཛུལ་མི་ཐུབ་པ་རེད། མ་གཞིར་ཁ་སྤུས་སྔོན་ན་ཚོད་ལྟ་ཞིག་བྱས་ཆོག་པ་མ་ཡིན་ནམ།   དེ་ནས་བཟུང༌།   བྱི་ལ་ཁྲ་རིས་མས་རང་གི་ཁ་སྤུ་ལ་ཧ་ཅང་གཅེས་སྤྲས་བྱས།
    གྲོགས་པོ་ཆུང་ཆུང་ཚོ། འཇིག་རྟེན་དུ་གྲུབ་པའི་དངོས་པོ་ཐམས་ཅད་ལ་རང་སོ་སོའི་ནུས་པ་དང་ཁྱད་ཆོས་ཡོད་པ་རེད།   མིག་བལྟས་ཆེན་པོ་མེད་པའི་དངོས་པོ་ཕྲན་བུ་དག་ལའང་ནུས་པ་ཆེན་པོ་ལྡན་སྲིད། དཔེར་ན། གཏམ་རྒྱུད་ཁྲོད་ཀྱི་བྱི་ལའི་ཁ་སྤུ་ལྟ་བུ་རེད། དེ་དང་དེ་བཞིན་རང་བྱུང་ཁམས་ཀྱི་སྐྱེ་དངོས་ཡོད་དོ་ཅོག་ལ་རང་ཉིད་ཀྱི་ཆོས་ཉིད་ཡོད་དེ། ཆུ་ཡིས་ས་གཞི་བརླན་གྱིས་གསོ་བ་དང་ས་གཞིས་རྩྭ་རྩི་ལྗོན་ཤིང་སོགས་སྐྱེས་དངོས་བསྐྱེད་པ། སྐྱེས་དངོས་ཀྱིས་བརླན་གཤེར་བཟུང་ནས་ས་ཆུར་སྲུང་སྐྱོབ་བྱེད་པ་སོགས་ངོ་མཚར་འབུམ་གྱིས་ཕྱུག་སྟེ། རི་འདི་བརྩེགས་མཁན་མེད་པར་མཐོ་བ་འདི་ཨ་མཚར་རོ།ཆུ་འདི་ཁྲིད་མཁན་མེད་པར་བཞུར་བ་འདི་ཨ་མཚར་རོ།  ནགས་འདི་འདེབས་མཁན་མེད་པར་སྐྱེས་པ་འདི་ཨ་མཚར་རོ།  ཞེས་ཨ་མཚར་མཚར་དགུའི་མཚར་སྣང་བཞིན་རང་བྱུང་ཁམས་ཆེན་མོའི་འཇིག་རྟེན་འདི་ལྐོག་གྱུར་དང་ངོ་མཚར་འབུམ་གྱིས་བལྟམས་པས་ན། མིག་གཉིས་ཆེས་ཆེར་ཕྱེ་ནས་སེམས་ཞིབ་མོར་རྟོགས་དང་ཤེས་བྱ་ནི་གང་ས་གང་དུའང་ཡོད་དོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号