གནའ་སྔ་མོའི་དུས་སུ།བྱ་ངང་བ་དང་སྐྱར་མོ་གཉིས་མཉམ་དུ་འཚོ་བཞིན་མཆིས། དེ་གཉིས་ཀའི་སྐྱེ་གཟུགས་ཤིན་ཏུ་འདྲ་སྟེ། གཉིས་ཀའི་བྱ་སྒྲོ་དཀར་པོ་དུང་ལྟར་དཀར་ཞིང་གཙང་ལ། སུག་ཏི་ཚིགས་དྲུག་སྨྱུག་མ་ཇི་བཞིན་ཕྲ་ཞིང་རིང་བ། སྐེ་མདའ་རིང་མོ་མཐོན་པོར་འགྱིང་བ། མཆུ་ཏོ་སྲ་མོ་འབིག་ལྟར་བསྲིངས་པས། དེ་གཉིས་མཉམ་ལངས་དུས་གང་ནི་ལྷ་བྱ་ངང་བ་ཡིན་པ་དང་གང་ནི་སྐྱར་མོ་ཡིན་པའི་དབྱེ་བ་འབྱེད་དཀའ།
ཉིན་ཞིག་ལ། བྱ་ངང་བ་དང་སྐྱར་མོ་གཉིས་མཉམ་དུ་མཚེའུ་འགྲམ་དུ་རྩེས། སྐྱར་མོ་ཆུ་འགྲམ་དུ་ལངས་ཤིང༌། བྱ་ངང་བ་ཆུ་ནང་ན་མཛེས་ཉམས་དང་བཅས་འགྱིང་འདུག སྔོ་ཞིང་དྭངས་པའི་མཚོ་ཆུའི་ལྡོག་འོད་ཁྲོད་དུ་བྱ་ངང་བའི་བྱ་སྒྲོ་ལྷག་པར་དཀར་ཞིང་མཛེས་ལ་ལྟ་ན་སྡུག་པ་ཞིག་རེད། སྐྱར་མོས་ལྟ་བཞིན་བྱ་ངང་བ་རང་ཉིད་ལས་དཀར་ཞིང་རང་ཉིད་ལས་མཛེས་པ་མཐོང་ནས། ཕྲག་དོག་གི་སེམས་ངན་ཞི་འགོག་མེད་དུ་ཡིད་ལ་ཤར་བྱུང༌། དེས་ནག་བཙོག་གི་འདམ་བག་སྤར་གང་བླངས་ནས་བྱ་ངང་བའི་སྟེང་ལ་གཡུགས། ཅལ་སྒྲ་དང་བཅས་འདམ་བག་དེ་བྱ་ངང་བའི་རྔ་མའི་སྟེང་འབྱར་སོང༌། བྱ་ངང་བ་གནམ་ལ་གཅིག་ལྡིང་ནས་ཁ་ཕྱིར་འཁོར་ནས་ཅི་བྱུང་ལྟ་དུས། སྐྱར་མོས་ཡང་རྡོ་གོར་མོ་ཞིག་བཏུས་ནས་བྱ་ངང་བའི་སྟེང་ལ་བརྒྱབ། ཐག་སྒྲ་དང་བཅས་བྱ་ངང་བའི་ཐོད་གཙུག་ཏུ་ཁེལ་ནས་བལྟས་བལྟས་རིག་རིག་ལ་སྤྲང་འབུར་དམར་པོ་ཞིག་འབུར་བྱུང༌། བྱ་ངང་བ་ན་ཟུག་སྐྱེས་ནས་ཀོ་ཀོ་ཞེས་ངུ་འབོད་བྱས།
སྐྱར་མོས་ད་ནི་ང་རང་བྱ་ངང་བ་ལས་མཛེས་པ་རེད་སྙམ་ནས་་སེམས་ཀྱི་དགའ་བ་གནོན་མ་ཐུབ་པར། ཡ་གླུ་ཞིག་ལེན་ན་གླུ་ཞིག་ལེན། །གླུ་ཐོག་མ་ལྷ་བྱ་ངང་བར་ལེན། །བྱ་མཛེས་པ་ངང་བའི་ཡན་ན་མེད། །ལུས་དཀར་པོ་དུང་ལྟར་མཛེས་པ་ལ། །སྒྲོ་རྔ་མ་ནག་གི་ནག་རེར་ལྟོས། །ཨ་ཡ་མཚན་གཅིག་ལ་ཨ་མཚར་ཞིག །གླུ་ད་དུང་ལེན་ན་ད་དུང་ལེན། ། གླུ་ད་དུང་ལྷ་བྱ་ངང་བར་ལེན། །བྱ་མཛེས་པ་ངང་བའི་ཡན་ན་མེད། །སྒྲོ་དཀར་པོ་དུང་ལྟར་མཛེས་པ་ལ། །གཙུག་ཐོར་ཅོག་དམར་པོ་དམར་རེར་ལྟོས། །ཨ་ཡ་མཚན་གཅིག་ལ་ཨ་མཚར་ཞིག ། ཅེས་གླུ་བླངས། བྱ་ངང་བའི་སེམས་ཤིན་ཏུ་སྐྱོ་ནས་མིག་མཆི་མ་ཤ་ལེར་ན་ཟུག་བསྲན་བཞིན་མཚེའུ་འགྲམ་དུ་རྔ་མའི་སྟེང་གི་ནག་ནོག་བཀྲུས། ཡིན་ཡང༌། ནག་ནོག་དེ་ཇི་ལྟར་བཀྲུས་ན་དེ་ལྟར་ནག་ཅིང་ནག་ཕྱིར། རྔ་སྒྲོ་དེ་ནི་ནག་ཙུག་ཙུག་ཏུ་གྱུར། དེ་ནས་བྱ་ངང་བ་འུ་ཐུག་ནས་རྔ་མ་ནག་པོ་འཁྲུད་མཚམས་བཞག་སྟེ། ཐོད་གཙུག་གི་སྤྲང་འབུར་དེ་བཀྲུས། དེ་ཡང་འཁྲུད་ཀྱིན་འཁྲུད་ཀྱིན་ཇེ་དམར་ཇེ་དམར་དུ་གྱུར་ནས། དམར་འོད་འཁྱུག་འཁྱུག་ཏུ་གྱུར།
སྐབས་དེར། བྱིའུ་མང་པོ་འཕུར་འོངས། དེ་ཚོས་ལྷ་བྱ་ངང་བ་སེམས་སྡུག་གིས་ངུ་བ་མཐོང་འཕྲལ། མཛེས་པའི་ལྷ་བྱ་ངང་བ་ལགས། །གུས་པའི་ལྷ་བྱ་ངང་བ་ལགས། །ཁྱེད་རང་ངུ་དོན་ཅི་ཞིག་ཡིན། །ཁྱེད་རང་སྐྱོ་དོན་ཅི་ཞིག་ཡིན། །ཞེས་དྲིས། ལྷ་བྱ་ངང་བས་དོན་དག་ཇི་མ་ཇི་བཞིན་དུ་བྱིའུ་རྣམས་ལ་དྲང་མོར་བརྗོད། བྱིའུ་རྣམས་ཀྱིས་ཐོས་རྗེས་ཤིན་ཏུ་ཁྲོས་ཏེ་ཀྱུ་རུ་རུ་ན་རེ། སྐྱར་མོ། སྐྱག་མོ། སྐྱར་མོ། ཐལ་མོ། ཁྱོད་རང་ཡག་གི་ཡག་གི་ལྷ་རེད། མཇལ་མཁན་མེད་ལ་ལྟོ་རེད། རྩྭ་ཁང་ནང་གི་རྩྭ་རེད། ཐབ་ཁུང་ནང་གི་ཐལ་རེད་ཅེས་སྡིགས་སྨོད་བྱས་རྗེས། ཁ་ཕྱིར་འཁོར་ནས་བྱ་ངང་བར་ལྟ་ཡག་ཅིག་བྱས་པ་ན། བྱ་ངང་བ་དེ་ལུས་ཡོངས་དཀར་པོ་དཀར་གཙང་དེ། རྔ་སྒྲོ་ནག་པོ་གནག་སྣུམ་མེ། ཐོད་གཙུག་དམར་པོ་དམར་ཙུག་གེ་འདུག་ལ། ལུས་པོ་དཀར་པོ་དུང་དང་འདྲ་ལ། རྔ་སྒྲོ་ནག་པོ་སྣུམ་གྱིས་བྱུགས་འདྲ། ཐོད་གཙུག་བྱུ་རུའི་ཏོག་གིས་བརྒྱན་པ་དང་འདྲ་བར་སྔར་ལས་མཛེས་ཤིང་ལྟ་ན་སྡུག་པ་མཐོང་བས་མགྲིན་གཅིག་ཏུ་ལྷ་བྱ་ངང་བ་དཀར་པོ་ལགས། ཁྱོད་ནི་སྔར་ལས་མཛེས་པ་ལ། ཁྱོད་ནི་སྔར་ལས་སྡུག་པ་ལ་ཞེས་དགའ་འབོད་བྱེད་ཀྱིན་ལྷ་བྱ་ངང་བའི་མཐའ་བསྐོར་ནས་གཤོག་ཟུང་གི་འདབ་མ་ལྷབ་ལྷུབ་ཏུ་གཡོ་བཞིན་དགའ་བའི་བྲོ་འཁྲབ། དེ་མུར་བྱ་བྱིའུ་སྔར་ལས་མང་པོ་འཕུར་འོངས་ནས་སྐད་སྙན་ཀྱུ་རུ་རུ། ལྷ་བྱ་ངང་བ་དཀར་པོ། །དཀར་གཙང་དུང་གི་ན་བཟའ། །བྱུ་རུའི་ཅོད་པན་འཆང་བ། །སྔར་ལས་མཛེས་སྡུག་ལྡན་པ། །ལྷ་བྱ་ངང་བ་དཀར་པོ། །ཞེས་མགྲིན་གཅིག་ཏུ་བསྟོད་དབྱངས་གྱེར། ལྷ་བྱ་ངང་བས་བྱིའུ་རྣམས་ཀྱིས་མགྲིན་གླུ་ཐོས་འཕྲལ་ངུ་མཚམས་བཅད་དེ། མཚེའུ་ཆུ་དྭངས་མོའི་ནང་གི་རང་གི་གཟུགས་བརྙན་ལ་བལྟས་པ་ན། ཨ་ལ། ངོ་མས་བདེན་པ་རེད། རང་ཉིད་སྔར་ལས་མཛེས་སྡུག་ཡིད་དུ་འོང་བ་ཞིག་ཏུ་གྱུར་འདུག ལྷ་བྱ་ངང་བའི་གདོང་ལ་མཆི་མས་ཁེངས་བཞིན་འཛུམ་མདངས་ཀྱི་མེ་ཏོག་བཞད་སོང༌། སྐྱར་མོས་རང་ཉིད་ཀྱི་གནག་སེམས་ལ་འབྲས་བུ་ལྡོག་ཟླ་ཐོན་པ་དང༌། རང་ཉིད་གྲོགས་མེད་ཁེར་རྐྱང་དུ་ལུས་པ་མཐོང་ནས་མི་འདོད་བཞིན་དུ་ལྷ་བྱ་ངང་བའི་གམ་དུ་སོང་ནས། ལྷ་བྱ་ངང་བ་ལགས།ཁྱོད་ཀྱིས་ང་ལ་བཀའ་དྲིན་ཞུ་འོས། ང་ཡིས་ཁྱོད་ལ་རོགས་མ་བྱས་ཚེ།ཁྱོད་རང་འདི་ལྟར་མཛེས་སྡུག་ལྡན་མི་སྲིད་ཅེས་སྨོས། ལྷ་བྱ་ངང་བ་དང་བྱིའུ་རྣམས་ཀྱིས་སྐྱར་མོ་ལ་ཁ་ཡ་ཡང་བྱེད་མི་འདོད།
གྲོགས་པོ་ཆུང་ཆུང་ཚོ། ཕྲག་དོག་ནི་བདུད་དང་འདྲ་བས།རང་གཞན་གཉིས་ཀ་བརླག་པའི་རྒྱུ་ཡིན། ཕྲག་དོག་གིས་སེམས་རྒྱུད་བརླན་པའི་མི་ཞིག་གི་མིག་ནང་དུ་རང་ལས་ལྷག་པ་ཐམས་ཅད་དགྲ་རུ་འགྱུར་བ་རེད། དེ་ཡང་ཕྲག་དོག་ནི་རང་སེམས་མ་དག་པ་ལས་བྱུང་བའི་སྣང་བ་ཡིན་ཏེ། ཕྱིའི་སྣང་བ་བཏུལ་བས་མི་ཐུལ་པས། ནང་རང་སེམས་བཏུལ་ན་དགྲ་བོ་མེད། དེའི་ཕྱིར་ནམ་རྒྱུན་ང་ཚོས་སློབ་སྦྱོང་དང་འཚོ་བའི་ཁྲོད་གཞན་གྱི་བཟང་ཆ་མཐོང་ཚེ། ཁེངས་སྐྱུང་སྒོས་དེ་ལ་སློབ་སྦྱོང་བྱེད་པ་ལས། གཞན་ལ་ཕྲག་དོག་གཏན་ནས་བྱ་མི་འོས་སོ། །
|