ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །ཕག་ཟངས་བླུགས་མ།
སྤེལ་དུས།03-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      ཡོ་རོབ་གླིང་གི་དབྱི་ཐ་ལི་རྒྱལ་ཁབ་ན་མིང་དུ་གྲགས་པའི་གྲོང་ཁྱེར་ཞིག་ཡོད་པའི་མིང་ལ་ཧྥོ་ལོ་ལུན་ས་ཟེར་ཞིང༌། མི་རྣམས་ཀྱིས་དེ་ལ་མེ་ཏོག་གི་གྲོང་ཁྱེར་ཞེས་འབོད། གྲོང་ཁྱེར་འདིའི་སྲང་ལམ་ཆུང་ཆུང་ཞིག་ན་ཟངས་ཀྱི་ཕག་བླུགས་མ་ཞིག་ཡོད། ཕག་ཟངས་བླུགས་མ་འདིའི་བཟོ་རྩལ་ཤིན་ཏུ་ཞིབ་ཚགས་ཤིང་མཛེས་རྩལ་ཁྱད་དུ་འཕགས་པས། གནས་འདི་བརྒྱུད་པའི་མི་སུ་དང་སུ་ཡིན་ཡང་དེ་ལ་བསྟོད་དབྱངས་མི་གྱེར་མཁན་གཅིག་ཀྱང་མེད།
      ལོ་ཟླ་རིང་མོ་རིམ་གྱིས་འདས་སོང༌། ཕག་ཟངས་བླུགས་མ་འདིས་གནས་འདི་ནས་དུས་གྱི་ཕོ་ཉ་ཅི་ཙམ་ལ་སྐྱེལ་བསུ་བྱས་པ་སུས་ཀྱང་གསལ་བོར་བརྗོད་དཀའ། གྲང་འཁྱག་གིས་བསྡམས་པའི་དགུན་ཁ་ཞིག་ལ། ཁ་བའི་མེ་ཏོག་གི་འདབ་མ་ལང་ལོང་དུ་བབས་བྱུང༌། ཕྲག་དོག་རྒྱལ་མོས་གྲང་རླུང་འུར་འུར་གཡུགས་སོང༌། ཁ་བ་བུ་ཡུག་འཚུབ་ནས་གནམ་ས་ཁ་འཕྲོད་པ་ལྟ་བུའི་ཉིན་མོ་དེར་གྱོན་པ་རས་རྐྱང་ཧྲལ་ཧྲུལ་གྱོན་པའི་བུ་ཆུང་ཞིག་སྤྱི་གླིང་གི་ཤིང་གི་སྐུབ་སྟེགས་སྟེང་རྐང་ལག་འཁུམས་ནས་རིལ་རིལ་པོར་ཙོག་པུར་བསྡད་འདུག་ཅིང༌། ཁོ་རང་གྲང་ནས་ལུས་ཡོངས་ལྷབ་ལྷབ་ཏུ་འདར་བ་དང༌། ལྟོགས་ནས་ཁོག་པ་ལམ་ལམ་དུ་ན། ཡིན་ནའང༌། ཁོ་ནི་དྭ་ཕྲུག་ཡུལ་མེད་ཅིག་ཡིན་པས་འཛུལ་སའི་ཁུང་ཞིག་ཀྱང་མེད། སྤྱི་གླིང་སྲུང་བའི་རྒད་པོས་བུ་ཆུང་དེ་སྤྱི་གླིང་ནས་འདུག་ཏུ་མ་བཅུག་པར་ཕྱིར་བསྐྲད། ཁོ་རང་རྒྱ་སྲང་དུ་འཁྱམས་ཞིང༌། ལྟོགས་ནས་བཟོད་གླགས་བྲལ་ཕྱིར། ཚོད་མའི་ལོ་མ་རུལ་བ་ཙམས་ནས་བཏུས་ཏེ་ཟོས། ཁོ་རང་ཤིན་ཏུ་ཐང་ཆད། ཡིན་ཡང་འགྲོ་སའི་ཁུང་མི་རྙེད་པས་འུ་ཐུག་ནས་ཕག་ཟངས་བླུགས་མ་དེའི་སྟེང་འགོས་ནས་ཟངས་ཕག་ཟངས་ཕག་སེམས་བཟང་ཟངས་ཕག་ལགས། ཁྱོད་ཀྱིས་ང་རང་མི་བདའ་བར་མཁྱེན། ང་ནི་ཡུལ་མེད་དྭ་ཕྲུག་ཅིག་ཡིན། ཨ་ཕ་མེད་ལ་ཨ་མའང་མེད། ཁ་ལ་ཟ་རྒྱུ་མེད་ལ་རྒྱབ་ལ་གོན་རྒྱུ་མེད། ཐ་ན་འཛུལ་སའི་ཁུང་ཞིག་ཀྱང་མེད། ཁྱོད་ཀྱིས་ང་ལ་སྙིང་རྗེ་སྒོམས། ཉལ་སའི་གནས་ཤིག་གཡོར་རོགས་གནང་ཟེར་བཞིན་ཕག་ཟངས་བླུགས་མའི་སྟེང་ནས་གཉིད་ལ་ཤོར་སོང༌། གཉིད་སྟུག་པོར་སོང་བའི་མོད་ལ། ཁོར་ཕག་ཟངས་བླུགས་མ་དེ་འགུལ་བཞིན་པའི་ཚོར་བ་སྐྱེས་ཤིང༌། ཁོའི་རྣ་ལམ་དུ་ད་དུང་ཕག་ཟངས་བླུགས་མའི་སྐད་ཐོས་པ་སྟེ། བུ་ཆུང༌། བུ་ཆུང༌། ཁྱོད་རང་བརྟན་པོར་སྡོད། ང་ཡིས་ཁྱོད་རང་ས་ཆ་ཞིག་ལ་འཁྲིད་ཟེར་ནས། ཕག་ཟངས་བླུགས་མས་ཁོ་རང་མཛེས་རྩལ་རི་མོ་བཤམས་སྟོན་ཁང་ཞིག་ཏུ་ཁྲིད། དེ་རུ་རི་མོའི་བརྩམས་ཆོས་གྲགས་ཅན་མང་པོ་ཡོད། བཤམས་སྟོན་ཁང་དེ་ནས་བུ་ཆུང་གིས་མཛེས་པའི་ལྷ་མོར་བཀུར་བའི་ཝེ་ན་སིའི་སྐུ་འདྲ་མཐོང་བ་མ་ཟད། ད་དུང་མཛེས་སྡུག་ཡིད་དུ་འོང་བའི་བྱིས་པ་མང་པོ་བྲིས་ཡོད་པའི་རི་མོ་ཞིག་ཀྱང་མཐོང༌། ཁོ་རང་གཉིད་ལས་སད་པ་ན། མ་གཞིར་དེ་ནི་རྨི་ལམ་ཞིག་རེད། ཡིན་ཡང་ཁོའི་སེམས་ལ་དགའ་སྣང་ཞིག་གིས་ཁེངས་བཞིན་ཁོ་རང་མུ་མཐུད་དུ་ཕག་ཟངས་བླུགས་མའི་རྒྱབ་ཏུ་གཉིད་སོང༌།
      ཕྱི་ཉིན་ནངས་མོ། ལག་ཤེས་བཟོ་བ་ཞིག་ཕག་ཟངས་བླུགས་མའི་གམ་ནས་བརྒྱུད་དུས་གྲང་ལྟོགས་ཀྱིས་མནར་ནས་ཚ་རྒྱས་བཞིན་པའི་བུ་ཆུང་མཐོང་ནས་སེམས་ཀྱིས་མ་བཟོད་པར་བུ་ཆུང་རང་ཁྱིམ་ལ་ཁྲིད་ཅིང་སྨན་བཅོས་དང་བདག་སྐྱོང་ལེགས་པོ་བྱས་ནས་བུ་ཆུང་གི་ནད་དྲག་པ་དང་ལུས་པོ་བསོས་རྗེས། རང་གི་གམ་དུ་བཞག་ནས་ལས་ཀ་ཙག་ཙིག་ལས་སུ་བཅུག དེ་ནས་བཟུང་ཉིན་རེ་རེར་བུ་ཆུང་དེས་རྐང་བདེ་ལག་ཡང་སྒོས་ལས་ཀ་ལས། ཁོམ་ལོང་དུས་སུ་ཁོས་རྟག་པར་ཕག་ཟངས་བླུགས་མ་དང་རྨི་ལམ་ཁྲོད་ཀྱི་མཛེས་རིས་ཁང་དེ་དང་ཡིད་དུ་འོང་བའི་རི་མོ་དེ་དག་ཡིད་ལ་དྲན། ཉིན་ཞིག་ལ། ལག་ཤེས་བཟོ་བའི་ཁྱིམ་མཚེས་རི་མོ་པ་དེ་མཛེས་རིས་ཁང་དུ་རི་མོ་འབྲི་བར་འགྲོ་འདོད་དེ་ཚོས་སྒམ་ཁྱེར་རོགས་ལ་བུ་ཆུང་ཁྲིད། རི་མོ་ཁང་དུ་བུ་ཆུང་གིས་ཁོས་རྨི་ལམ་ཁྲོད་དུ་མཐོང་བའི་རི་མོ་དེ་དག་དངོས་སུ་མཐོང་བས་དགའ་བ་འབུམ་གྱིས་མྱོས་སོང༌། དེ་ལས་ཀྱང་ཁོ་ལ་སྤྲོ་བ་བསྐྱེད་པ་ནི་རི་མོ་པའི་རྩེར་སོན་པའི་རི་མོ་འབྲི་རྩལ་དེ་རེད། རི་མོ་པའི་འབྲི་རྩལ་ཕུལ་དུ་བྱུང་བས་བུ་ཆུང་གི་ཡིད་དབང་ཅིག་ཅར་དུ་ཕྲོགས་སོང༌།
      དུས་དེ་ནས་བཟུང༌། བུ་ཆུང་དེ་རི་མོ་འབྲི་བར་སྤྲོ་བ་ཤིན་ཏུ་ཆེ་བར་གྱུར། ཉིན་རེ་རེར་ལས་ཀ་ལས་ཚར་རྗེས། ཁོས་ཁ་ཟས་ཀྱང་མི་དྲན་པར་སྡོང་བོའི་ཡལ་ག་ཞིག་གིས་ས་ངོས་སུ་ཕག་ཟངས་བླུགས་མ་དེ་བྲིས། ཐེངས་བརྒྱ་ཕྲག་འགའ་དང་སྟོང་ཕྲག་འགར་བྲིས་མཐར། ཁོས་བྲིས་པའི་རི་མོའང་རྒྱ་སྲང་གི་ཕག་ཟངས་བླུགས་མ་དེ་དང་ཨ་འདྲ་ཡང་འདྲ་རེད། ཕྱིས་སུ་ཁོས་བུ་ཆུང་ཞིག་རྒྱབ་ལ་ཞོན་པའི་ཕག་ཟངས་བླུགས་མའི་རི་མོ་ཞིག་བྲིས། ཕག་རྒྱབ་ཀྱི་བུ་ཆུང་དེའི་གྱོན་པ་ཧྲལ་ཧྲུལ་ཡིན་ཡང༌། གདོང་ལ་བདེ་སྐྱིད་ཀྱི་འཛུམ་གྱིས་ཁེངས་འདུག
      ལོ་ཟླ་རིང་མོ་རིམ་གྱིས་འདས་སོང༌། བུ་ཆུང་དབུལ་པོ་དེ་མིང་དུ་གྲགས་པའི་རི་མོ་པ་ཞིག་ཏུ་གྱུར། ཁོས་རང་གེ་སྨྱུ་གུར་བརྟེན་ནས་མཛེས་སྡུག་ཡིད་དུ་འོང་བའི་ཕུགས་འདུན་བརྗོད་ཀྱིན་མཆིས། ལོ་ཟླ་རིང་མོ་ཡང་རིམ་གྱིས་འདས་སོང༌། བུ་ཆུང་དབུལ་པོ་དེའི་སེམས་ཀྱི་ཀློང་དུ་ནམ་ཡང་བརྗེད་ཐབས་བྲལ་བ་ནི་ཕག་ཟངས་བླུགས་མ་དེ་དང༌།ཕག་ཟངས་བླུགས་མའི་རྒྱབ་ཀྱི་ཡིད་དུ་འོང་བའི་རྨི་ལམ་དེ་རེད།
      གྲོགས་པོ་ཆུང་ཆུང་ཚོ། མི་ཚེ་ཡི་བཞུད་ལམ་ནི་ཆུ་ཡི་རྦ་རླབས་དང་འདྲ་བར་ལན་རེར་མཐོ་ཞིང་ལན་རེར་དམའ་བ་རེད། མི་ཚེ་ཧྲིལ་བོའི་འཚོ་བའི་ཁྲོད་སྐྱིད་པའི་དུས་ཡོད་ལ། སྡུག་པའི་དུས་ཀྱང་ཡོད་པ་སྨོས་མ་དགོས། སྐྱིད་པའི་དུས་སུ་ང་རྒྱལ་སྐྱེས་དོགས་གཟབ་གཟབ་བྱས་ནས་མགོ་འཕང་ཇེ་དམའ་དང་སྡུག་པའི་དུས་སུ་ལ་རྒྱ་ཤོར་དོགས་གཟབ་གཟབ་སྒོས་མགོ་འཕང་ཇེ་མཐོར་གཏོང་རྒྱུ་གལ་ཆེ། དཀའ་ངལ་དང་འཕྲད་དུས་དཔའ་ཞུམ་མི་འོས། སྐབས་ལན་རེར་དཀའ་ངལ་གྱིས་ང་ཚོར་རྒྱུ་ནོར་སྔར་ལས་ལེགས་ཤོས་འཁྱེར་འོང་སྟེ། གཙོ་བོ་ཁྱོད་ཀྱིས་དཀའ་ངལ་ལ་ལྟ་སྟངས་ཇི་ལྟ་བུ་འཛིན་རྒྱུར་རག་ལས་པ་རེད།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号