ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །སྤྲེའུས་སིལ་སྡོང་འཛུགས་པ།
སྤེལ་དུས།03-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      དཔྱིད་ཀ་བསླེབས་འོངས། སྤྲེའུ་ཆུང་ཆུང་གིས་རི་སྒང་སྟེང་སིལ་བ་ལིའི་སིལ་སྡོང་ཤར་མོ་ཞིག་བཙུགས་རྗེས། གནམ་ལྡིང་ས་ལྡིང་བྱེད་ཀྱིན་ངས་བཙུགས་པའི་བ་ལིའི་སིལ་སྡོང་ལ་སིལ་བ་ལི་ཐོགས་རྒྱུ་རེད་ཅེས་འུར་བརྒྱབ།
      རེའུ་ཆུང་ཆུང་གིས་གི་ཤུའི་སིལ་སྡོང་འཛུགས་བཞིན་སྤྲེའུ་ཆུང་ཆུང་ལ་བཤད་རྒྱུར། སྤུན་ཟླ་ལགས། ཁྱོད་དགའ་བ་སྔ་དྲགས་པ་འདྲ། སིལ་བ་ལིའི་སིལ་སྡོང་ལོ་ལྔའི་རྗེས་ནས་ད་གཟོད་སིལ་ཐོགས་དེས་རེད་ཟེར། སྤྲེའུ་ཆུང་ཆུང་གིས་ཐོས་ནས་སེམས་ཕམ་སོང༌། མྱུར་དུ་རེའུ་ལ་ཁྱོད་ཀྱིས་བཙུགས་པའི་གི་ཤུའི་སིལ་སྡོང་ལ་ལོ་ཅི་ཙམ་འགོར་རྗེས་སིལ་ཐོགས་སྲིད་ཅེས་དྲིས་པ་ན། རེའུ་ཆུང་ཆུང་གིས་ལོ་བཞི་ཡིས་ཆོག་ཅེས་ལན་བཏབ། སྤྲེའུ་ཆུང་ཆུང་གིས་མཚན་བརྒྱབ་ནས་སིལ་བ་ལིའི་སིལ་སྡོང་ཚང་མ་རྫོགས་ནས་གི་ཤུའི་སིལ་སྡོང་བཙུགས་རྗེས་ཡང་རྣམ་པ་ཚོ། ངའི་གི་ཤུའི་སིལ་སྡོང་ལ་ལོ་བཞིའི་རྗེས་སུ་སིལ་ཐོགས་དེས་རེད་ཅེས་འུར་བརྒྱབ།
      གླང་ཕྲུག་ཆུང་ཆུང་གིས་སིལ་སྡོང་ལ་ལུད་འཇོག་གིན་ཡོད་པས། མགོ་བོ་ཡར་བཀྱགས་ནས་སྤྲེའུ་ཆུང་ཆུང་ལ་ཁྱོད་ཀྱིས་ལབ་མ་རྒྱག་པར་ང་ལ་ཉོན་དང༌། ངས་བཙུགས་པའི་ཁམ་པའི་རག་ཤའི་སིལ་སྡོང་ལ་ལོ་གསུམ་རྗེས་ནས་སིལ་ཏོག་ཆེན་པོ་ཐོགས་ཐུབ་པ་རེད་ཅེས་བཤད། སྤྲེའུ་ཆུང་ཆུང་གིས་རང་གིས་གི་ཤུའི་སིལ་སྡོང་བཙུགས་པར་འགྱོད་པ་སྐྱེས་ནས། སླར་ཡང་མཚན་བརྒྱབ་ནས་གི་ཤུའི་སིལ་སྡོང་ཚང་མ་རྫོགས་ནས་ཁམ་བུ་རག་ཤའི་སྡོང་བོ་བཙུགས་པ་མ་ཟད། རང་གིས་བཙུགས་པའི་ཁམ་པའི་རག་ཤའི་སྡོང་བོ་ཇི་འདྲ་ལེགས་ཚུལ་དང༌། སིལ་ཏོག་ཐོགས་པ་ཇི་འདྲ་སྔ་ཚུལ་སོགས་ང་རྒྱལ་དང་བཅས་གཞན་ལ་སྨོས། རྟེའུ་ཆུང་ཆུང་གིས་ཚེར་སིལ་དམར་པོའི་སྡོང་བོར་ཆུ་གཏོང་བཞིན་པས་ཐོས་ནས་སུན་སྣང་དང་བཅས་སྤྲེའུ་ཆུང་ཆུང་ལ། ངས་བཙུགས་པའི་ཚེར་སིལ་དམར་པོའི་སིལ་སྡོང་ལ་ལོ་གཉིས་ཀྱིས་སིལ་ཏོག་ཐོགས་ཐུབ་ཅེས་བརྗོད། སྤྲེའུ་ཆུང་ཆུང་གིས་ཐོས་ནས་སེམས་ཡང་ཕམ་སོང༌།
      ལོ་འགའི་རྗེས་སུ། རི་ལུང་ཀུན་ཏུ་སིལ་སྡོང་སྣ་ཚོགས་སྟེང་སིལ་ཏོག་སྣ་ཚོགས་ཀྱིས་མགོ་ལྕོག་ལྡེམ་ལྡེམ་བྱེད་ཀྱིན་ག་ས་གང་དུ་ལོ་ལེགས་ཀྱི་རྣམ་པས་ཡོངས་སུ་ཁེངས་འདུག་སྟེ། སིལ་བ་ལི་མ་དང་སིལ་གི་ཤུ། ཁམ་བུ་རག་ཤ ཚེར་སིལ་དམར་པོ་སོགས་འཛུགས་མཁན་ཚང་མར་ལོ་ལེགས་ཐོབ་མོད། སྤྲེའུ་ཆུང་ཆུང་ཁོ་ནར་སིལ་ཏོག་གཅིག་ཀྱང་བསྡུ་རྒྱུ་མེད་པར་གཞན་གྱི་ལོ་ལེགས་ལ་འགྲམ་ཆུ་ལྡང་བཞིན་བལྟས་ནས་སྡོད་པ་ལས་ཐབས་གཞན་མེད། འདི་ནི་སུའི་སྐྱོན་ཡིན་ནམ།
      གྲོགས་པོ་ཆུང་ཆུང་ཚོ། དོན་དག་ཅི་ཞིག་ཡིན་ཡང་མགོ་མཇུག་ཡོད་པ་བྱེད་དགོས་པ་ལས། གཅིག་གི་མགོ་བརྩམས་མ་ཐག་དོར་ནས༌དོན་གཞན་ཞིག་བསྒྲུབ་པར་བརྩམ་ཚེ། མཐའ་མར་ཅི་ཡང་མི་འགྲུབ་པ༌རེད། མི་ཚེའི་ཕམ་ཁ་མང་པོ་ནི་མཐའ་མར་གཞན་པའི་ལག་ནས་ཕམ༌པ་མ་ཡིན་པར། རང་ཉིད་ཀྱི་ལག་ཏུ་ཕམ་པ་དེ་རེད། མི་གཞན་པར༌ལེགས་འགྲུབ་བྱུང་ནས་གྲུབ་འབྲས་བླངས་པ་མཐོང་ཚེ། ཁྱོད་ལ་ཅིར་མི༌སྙམ་པའི་སྣང་བ་ཞིག་སྐྱེས་ཀྱང་སྲིད་མོད། དོན་དམ་པས་བཤད་ན། ལེགས་འགྲུབ་འབྱུང་བའི་བརྒྱུད་རིམ་ཁྲོད་དུ་བསམ་གཞིགས་གཏོང་དགོས་པའི་དོན་དག་མང་པོ་ཡོད། དོན་དག་ཕྲན་བུ་རེ་ལའང་སྤོབས་པ་དང་བློ་གྲོས། སྙིང་རུས་སོགས་བསྐྱེད་དགོས་ཏེ། སྤྲེའུས་སིལ་སྡོང༌བཙུགས་པ་དེ་ནི་དེ་ལྟར་མ་ཡིན་ནམ།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号