ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །མིག་མངས་གདན་རིས་སྟེང་གི་འབྲུ་རྡོག
སྤེལ་དུས།03-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      གནའ་སྔ་མོ་ཞིག་ལ་རྒྱལ་པོ་རྩེ་དགའ་ཅན་ཞིག་ཡོད་ཅིང༌། ཁོ་ལ་རྩེད་ཆས་ཧ་ཅང་མང་པོ་ཡོད་མོད། ཡིན་ནའང༌། རྩེད་ཆས་ཇི་ལྟར་བཟང་ཡང་ཉིན་འགར་རྩེས་རྗེས་སུན་སྣང་སྐྱེས། རྒྱལ་པོས་རྩེ་ན་མི་སུན་པའི་རྩེད་ཆས་ཤིག་འཐོབ་འདོད་ནས། མི་སུ་ཞིག་གིས་དེ་ལྟ་བུའི་རྩེད་ཆས་ཤིག་གསར་གཏོད་བྱས་ཚེ། བདག་གིས་དེ་ལ་ཅི་དགོས་བྱ་དགར་སྦྱིན་དེས་ཞེས་བཀའ་བསྒྲགས། བཀའ་བསྒྲགས་ནས་ཅང་མ་འགོར་བར། མི་བློ་གྲོས་ཅན་ཞིག་གིས་རྒྱལ་པོ་ལ་མིག་མངས་རིགས་ཤིག་སྐྱེལ་འོངས། མིག་མངས་དེའི་གདན་མའི་རི་མོའི་སྟེང་གི་རྡེའུ་འཇུག་སའི་གནས་ལ་ཐིག་ཤར་གྲུ་བཞི་མ་དྲུག་ཅུ་རེ་བཞི་ཡོད་པ་དང༌། རྡེའུ་སྟེང་དུ་རྒྱལ་པོ་དང་བཙུན་མོ། འཁོར་ལོ། རྟ། མེ་སྒྱོགས། དམག་མི་ཞེས་བརྐོས་འདུག མིག་མངས་རྩེ་བའི་མིས་གཏན་འཁེལ་སྒྲིག་སྲོལ་ལྟར་རྡེའུ་བསྒུལ་ནས་ཕྱོགས་གཉིས་ཀས་གཡུལ་བཤམས་ཏེ་སུ་རྒྱལ་སུ་ཕམ་ལ་བལྟས་ཆོག་པ་རེད། རྒྱལ་པོ་མིག་མངས་འདིར་སུན་སྣང་སྐྱེ་རྒྱུ་ཕར་ཞོག་རྩེས་ནས་མི་ངོམས་པར་ཉིན་མཚན་མེད་པར་རྩེས།
      རྒྱལ་པོས་མིག་མངས་གསར་གཏོད་བྱས་པའི་བློ་གྲོས་ཅན་དེ་བོས་ནས་དགའ་བ་གནོན་མི་ཐུབ་པར། ཁྱོད་ཀྱིས་གསར་གཏོད་བྱས་པའི་རྩེད་ཆས་འདི་ལ་བདག་ཤིན་ཏུ་དགའ། བདག་གིས་ཁྱོད་ལ་བྱ་དགའ་སྦྱིན་པས་ཁྱོད་ལ་ཅི་དགོས་ཤོད་དང་ཞེས་སྨོས། བློ་གྲོས་ཅན་ན་རེ། རྒྱལ་པོ་རིན་པོ་ཆེ། འབངས་ང་ལ་འབྲུ་རྡོག་འགའ་ཡིས་ཆོག་ཅེས་ལན་བཏབ། འབྲུ་རྡོག་འགའ་ཨེ། འབྲུ་རྡོག་འགའ་ཡིས་ཅི་བྱེད། ཁྱོད་ལ་ཅི་ཙམ་དགོས་ཞེས་རྒྱལ་པོ་ཡ་མཚན་བཞིན་དེ་ལྟར་དྲིས། བློ་གྲོས་ཅན་ན་རེ། རྒྱལ་པོ་རིན་པོ་ཆེ། འོ་ན་འདི་ལྟར་བྱ། ཁྱེད་ཀྱིས་མིག་མངས་གི་རྡེའུ་འཇུག་སའི་གནས་གྲུ་བཞི་དང་པོ་ནང་འབྲུ་རྡོག་བཅུ་རེ་དང་གྲུ་བཞི་གཉིས་པའི་ནང་འབྲུ་རྡོག་ཉི་ཤུ། གསུམ་པའི་ནང་བཞི་བཅུ། དེ་ལྟར་གྲུ་བཞི་རེ་རེ་ཚང་མ་གྲུ་བཞི་སྔོན་མ་ལས་ལྡབ་གཅིག་གིས་མང་བར་བྱས་ནས། གྲུ་བཞི་བརྒྱད་བརྒྱད་དྲུག་ཅུ་རེ་བཞི་པོ་ཚང་མའི་ནང་བཞག་ཚེ། ང་ལ་དེ་གས་ཚིམ་པ་ཡིན་ཞེས་ལན་བཏབ། རྒྱལ་པོས་འཛུམ་དམུལ་ལེར་ན་རེ། དེ་ཙམ་ལ་འབྲུ་རྡོག་ཅི་ཙམ་ཡོད། ཆོག་གི།བདག་གིས་ཁྱོད་ལ་ཁྱོད་ཀྱི་འདོད་པ་ལྟར་སྦྱིན་ཟེར་ནས། འབྲུ་མཛོད་ཀྱི་གཉེར་བ་བློན་པོ་ལ་བརྩི་རུ་བཅུག
      གཉེར་བ་བློན་པོས་བཅུ། ཉི་ཤུ། བཞི་བཅུ། བརྒྱད་ཅུ། བརྒྱ་དང་དྲུག་ཅུ་ཞེས་གྲུ་བཞི་རེ་རེ་བཞིན་བརྩིས། གྲུ་བཞི་བཅུ་ཐམ་པའི་བར་མ་བཞག་གོང་འབྲུ་རིགས་སྒྱེ་གང་ཚར་སོང༌། དེ་ནས་སྒྱེ་གཉིས། སྒྱེ་བཞི། སྒྱེ་བརྒྱད། སྒྱེ་བཅུ་དྲུག་བཅས་རིམ་བཞིན་བཞག་ནས། ཕྱེད་ཀ་མ་ལོངས་པར་འབྲུ་མཛོད་ནང་གི་འབྲུ་ཚར་སོང༌། གཉེར་བ་འཚུབ་ཆ་ལངས་ནས་དེ་མ་ཐག་རྒྱལ་པོར་སྙན་སེང་ཞུས། མ་བཟང་ཐལ། མི་བཟང་ཐལ། རྒྱལ་པོ་རིན་པོ་ཆེ། གཉེར་བས་འུར་བརྒྱབ་ནས་ཞུས། རྒྱལ་པོས་མིག་མངས་རྩེ་བཞིན་པས། གཉེར་བའི་སྐད་མགོ་མཐོ་བར་མ་དགའ་བར། ཅི་བྱུང༌། འུར་རྒྱག་དོན་ཅི་ཞེས་སྡིགས་སྨོད་བྱེད་བཞིན་དྲིས། འབྲུ་མཛོད་གཉེར་བས་སྐད་འདར་བཞིན་ན་རེ། རྒྱལ་པོ་རིན་པོ་ཆེ། གལ་ཏེ་མི་བློ་གྲོས་ཅན་དེའི་འདོད་པ་ལྟར་སྦྱིན་ཚེ། འུ་ཅག་རྒྱལ་ཡོངས་ཀྱི་འབྲུ་རིགས་ཡོད་དོ་ཅོག་དེ་ལ་བྱིན་ཡང་མི་འདང་ཞེས་ལན་བཏབ། ཨ་ཙེ། དེ་ལ་མཐར་གཏུགས་ན་ཅི་ཙམ་དགོས་པ་རེད། རྒྱལ་པོས་མིག་བགྲད་དེ་དྲིས། བློན་པོ་ན་རེ། ད་ལྟའི་འཛམ་བུ་གླིང་ཧྲིལ་པོའི་འབྲུ་རིགས་ཀྱི་ཐོན་ཚད་ལྟར་བརྩིས་ཚེ། ལོ་ངོ་ཉིས་སྟོང་གི་འབྲུ་རིགས་ཐོན་ཚད་བསྡོམས་ན་ད་གཟོད་གྲངས་ཀ་འདི་ལོངས་པ་རེད་ཅེས་སྨོས། རྒྱལ་པོ་ཁ་གདངས་སོང༌།
      གྲོགས་པོ་ཆུང་ཆུང་ཚོ། གཞན་ལ་དོན་བྱ་ཁས་ལེན་པའི་སྔོན་ལ་རང་གི་ནུས་པར་བསམ་བློ་ཞིབ་མོ་གཏོང་དགོས། གལ་ཏེ་རང་གི་ནུས་པས་མི་ལྕོགས་ཚེ། མཇུག་འབྲས་ལེགས་པོ་མི་འོང་པས། ལས་སླ་མོར་ཁས་ལེན་མི་འོས། དོན་དག་ཅི་ཞིག་ཡིན་ཡང༌། ཀུན་སློང་ཡག་པོ་ཁོ་ནས་མི་ཆོག་པར། ཀུན་སློང་ཡག་པོ་དེ་དང་མཐུན་པའི་མཇུག་འབྲས་འཐོབ་མིན་ལ་བསམ་བློ་གཏོང་དགོས། ཁྱོད་ཀྱིས་བལྟས་ན་དེ་ལྟར་ཡིན་ནམ།
      མཁས་པའི་ལེགས་བཤད་ལའང༌། རང་གིས་ལེགས་པར་ཤེས་ན་ཡང༌། །བྱ་བ་ཐམས་ཅད་གྲོས་ཀྱིས་བསྒྲུབ། །མི་གང་གྲོས་ལ་མི་དགའ་བ། །འགྱོད་པར་རིན་གྱིས་ཉོ་བ་ཡིན། །ཞེས་གསུངས།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号