ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །བྱ་རོག་སྲས་མོའི་གཏམ་རྒྱུད།
སྤེལ་དུས།03-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      གནའ་སྔ་མོ་ཞིག་ལ། རྒྱལ་པོའི་བཙུན་མོ་ཞིག་ལ་ཡིད་དུ་འོང་བའི་སྲས་མོ་ཞིག་སྐྱེས། རྒྱལ་པོ་ཡབ་ཡུམ་གྱིས་སྲས་མོར་ཁོང་གི་སྙིང་དང་དཔྲལ་བའི་མིག་ལྟར་གཅེས།
ཡུན་རིང་མ་སོང་བར་བཙུན་མོར་ནད་ལྕི་མོ་ཞིག་ཕོག་ནས་ཅི་བྱས་ཀྱང་མ་ཕན་པར་ཚེ་ལས་འདས་སོང༌། དེ་ནས་བཟུང་གཅེས་སུ་རུང་བའི་སྲས་མོ་དེས་ཉིན་མཚན་མེད་པར་ངུ་འབོད་བྱས་ནས་མཚམས་མི་འཇོག
      དེ་ལྟར་ཡུན་རིང་མ་འགོར་བར་རྒྱལ་པོས་ཡང་བཙུན་མོ་ཞིག་ཁབ་ཏུ་བཞེས། བཙུན་མོ་དེས་སྲས་མོའི་ངུ་འབོད་ལ་བཟོད་བསྲན་བྱེད་མ་ཐུབ་པར་སུན་སྣང་སྐྱེས། ཉིན་ཞིག་ལ་ཁོ་མོས་ནམ་མཁར་འཕུར་བཞིན་པའི་བྱ་ཕོ་རོག་ཅིག་ལ་བལྟས་ནས་སྲས་མོ་ལ་བདག་གིས་ཁྱོད་ཁ་་གྲགས་མི་ཤེས་པའི་ཕོ་རོག་ཅིག་ལ་བསྒྱུར་འདོད་ཅེས་དམོད་བོར་མ་ཐག་སྲས་མོ་ངོ་མས་ཕོ་རོག་ཅིག་ཏུ་གྱུར་ནས་སྒེའུ་ཁུང་ལས་ཕྱིར་འཕུར་་སོང༌། སྲས་མོ་ཆུང་ཆུང་ཕོ་རོག་ཏུ་གྱུར་རྗེས། ཉི་འོད་མཐོང་མི་ཐུབ་པའི་མུན་ནག་གི་ནགས་ཚལ་སྟུག་པོ་ཞིག་ལ་འཕུར།
      ཉིན་ཞིག་ལ། ལོ་ན་གཞོན་ཞིང་གཟུགས་བྱད་ལེགས་པའི་གསར་བུ་ཞིག་ནགས་ཚལ་འདི་བརྒྱུད་ནས་འགྲོ་དུས་ཕོ་རོག་དེར་ཕྲད། ཕོ་རོག་ན་རེ། ང་མ་གཞིར་རྒྱལ་པོའི་སྲས་མོ་ཞིག་ཡིན། གཞན་གྱིས་དམོད་བོར་བས་ཕོ་རོག་ཏུ་གྱུར། ཁྱོད་ཀྱིས་ང་སྐྱོབ་འདོད་དམ་ཞེས་དྲིས། གསར་བུས་སྲས་མོའི་སྡུག་བསྔལ་ཐོས་ནས་མོ་ལ་སེམས་གཏིང་ནས་སྙིང་རྗེ་སྐྱེས་ཏེ་ཁོ་མོ་སྡུག་བསྔལ་ལས་སྐྱོབ་རྒྱུའི་སེམས་ཐག་བཅད། ཕོ་རོག་གིས་ཁོ་ལ་གལ་ཏེ་ཁྱོད་ཀྱིས་ང་རང་སྐྱོབ་བསམ་ན་ཁྱོད་རང་མུ་མཐུད་དུ་མདུན་དུ་སོང༌། ཐག་མི་རིང་ས་ན་ཁང་བ་ཆུང་ཆུང་ཞིག་ཡོད། ཁྱོད་ཀྱིས་ཁང་ཆུང་ལྟག་རྒྱབ་ཀྱི་སྐྱེད་མོས་ཚལ་ནས་ང་ལ་སྒུགས།བསྟུད་མུར་ཉིན་གསུམ་གྱི་རིང་ལ། ཉིན་རེའི་ཕྱི་དྲོ་ང་ཤིང་རྟར་བསྡད་ནས་ཁྱོད་འཚོལ་དུ་འོང༌། ཡིན་ནའང༌། གནས་ཚུལ་ཅི་བྱུང་ཡང་ཁྱོད་ཀྱིས་ཟས་ཁམ་བུ་གང་ཡང་ཟ་མི་ཉན་ལ་ཆུ་ཧུབ་གང་ཡང་འཐུང་མི་རུང༌། གལ་ཏེ་ཁྱོད་ཀྱིས་ཟ་མ་ཁམ་གང་ཟོས་པ་དང་ཆུ་ཧུབ་གང་ཙམ་འཐུང་ཚེ། ཁྱོད་ཀྱིས་ང་སྐྱོབ་མི་ཐུབ་ཅེས་ནན་ནན་གྱིས་བཤད། ལོ་ན་གཞོན་པའི་སྐྱེས་པས་སྲས་མོའི་བཅོལ་གདམས་ལྟར་བསྒྲུབ་རྒྱུ་ཁས་བླངས་ནས་དེ་མ་ཐག་མྱུར་མ་མྱུར་དུ་ལམ་ལ་ཆས། གསར་བུས་ནགས་ཚལ་སྟུག་པོའི་ཁྲོད་ཁང་བ་ཆུང་ཆུང་དེ་རྙེད། ཨ་ནེ་རྒན་མོ་ཞིག་གིས་ཟས་མངར་མོ་མང་པོ་ཁྱེར་འོངས་ནས་ཁོ་ལ་མགྲོན་བྱས། ཁོས་དང་ཐོག་ཕོ་རོག་སྲས་མོའི་བཅོལ་གདམས་ཡིད་ལ་བཟུང་ནས་ཟས་ཁམ་གང་དང་ཆུ་ཧུབ་གང་ཡང་མ་འཐུང༌། ཡིན་ནའང༌། ཨ་ནེ་རྒན་མོས་ཡང་དང་ཡང་དུ་ནན་ནན་བྱས་མཐར། ཁོས་ངོ་མ་ཆོད་པར་སེམས་ལ་ཆང་ཧུབ་གང་ཙམ་འཐུང་ན་སྐྱོན་ཆེན་པོ་མི་འདུག་བསམས་ནས་ཨ་ནེ་རྒན་མོའི་ལག་ནས་ཆང་ཧུབ་གང་འཐུང་མ་ཐག་ཁོ་རང་སར་ལོག་ནས་གཉིད་ལ་ཡུར་སོང༌། ཨ་ནེ་རྒན་མོས་ཁོ་རང་གཉིད་ལ་ཡུར་བ་མཐོང་ནས་སེམས་སྡུག་གིས་ཁེངས་ནས་ཕྱིན་སོང༌།
      ཉིན་གཉིས་པར། གསར་བུས་ཡང་ཨ་ནེ་རྒན་མོས་ནན་ནན་བྱས་འོག་ཟས་ཁམ་གང་ཟོས་པས། ཁོ་ཡང་རྨི་ལམ་གྱི་ཞིང་ཁམས་ལ་བཞུད་སོང༌། ཉིན་གསུམ་པར་ཁོས་ཇ་ཧུབ་གང་འཐུང་བ་ན་ཡང་སར་ལོག་ནས་གཉིད་སོང༌། ཕོ་རོག་སྲས་མོ་ཉིན་རེ་རེར་རེ་བ་བཅངས་ནས་འོངས་པ་དང་རེ་ཐག་ཆད་ནས་ཕྱིར་ལོག་སོང༌། མཇུག་མཐའི་ཉིན་མོར་ཕོ་རོག་གིས་གསར་བུའི་གམ་དུ་བག་ལེབ་ཅིག་དང་ཤ་བཙོས་མ་ཉུང་ངུ་ཙམ། ཆང་དམ་བི་གང་བཅས་བཞག་ནས་སོང༌། ཟ་མ་འདི་དག་ཁོས་ཚེ་གང་བོར་ཟོས་ཀྱང་མི་ཚར། ཕོ་རོག་གིས་ད་དུང་ཁོ་ལ་གསེར་གྱི་མཛུབ་དཀྲིས་ཤིག་དང་འཕྲིན་ཡིག་ཅིག་བཞག་འདུག་ཅིང༌།འཕྲིན་ཡིག་ནང༌། གལ་ཏེ་ཁྱོད་ཀྱིས་ང་སྐྱོབ་བསམ་ན་མི་མཐོང་ཤེལ་གྱི་ཕོ་བྲང་ལ་སོང་དང༌། དེ་ནས་ད་གཟོད་ང་རང་གཞན་གྱི་མཐུ་འོག་ནས་སྐྱོབ་ཐུབ་ཅེས་བྲིས་འདུག གསར་བུ་གཉིད་ལས་སད་རྗེས། སྲས་མོས་བཞག་པའི་དངོས་པོ་དང་འཕྲིན་ཡིག་མཐོང་ནས་སེམས་སུ་འགྱོད་གདུང་གིས་མནར། ཁོས་ཅི་ནས་ཀྱང་སྲས་མོ་སྐྱོབ་རྒྱུའི་སེམས་ཐག་ནན་མོ་བཅད། ཡིན་ནའང༌། མི་མཐོང་ཤེལ་གྱི་ཕོ་བྲང་གང་དུ་ཡོད་པ་མི་ཤེས་པས། ཕྱོགས་ཕྱོགས་སུ་རྩད་གཅོད་ཀྱིན་མདུན་དུ་སོང༌།
      ཉིན་ཞིག་ལ། ཁོ་རང་མུན་ནག་གིས་བསྒྲིབས་པའི་ནགས་ཚལ་ཆེན་པོ་ཞིག་ལ་བསླེབས་ནས་མི་བོ་ཆེ་ཞིག་དང་དེའི་སྤུན་ཆུང་ལ་ཕྲད། ཁོས་སྲས་མོས་ཁོ་ལ་བཞག་པའི་བག་ལེབ་དང་ཤ་ཆང་གིས་མི་བོ་ཆེ་སྤུན་མཆེད་གཉིས་ལ་མགྲོན་ལེགས་པོ་བྱས་རྗེས་ཁོ་གཉིས་ཀར་མི་མཐོང་ཤེལ་གྱི་ཕོ་བྲང་ཡོད་ས་དྲིས། སྟབས་འགྲིག་པ་ལ་མ་གཞིར་མི་བོ་ཆེ་དེ་གཉིས་ནི་མི་མཐོང་ཤེལ་གྱི་ཕོ་བྲང་གི་སྒོ་སྲུང་ཡིན་ཕྱིར། སང་ཉིན་ཁོ་རང་འཁྲིད་རྒྱུའི་ཁས་བླངས།
      ཕྱི་ཉིན། མི་བོ་ཆེ་ཡིས་གསར་བུ་ཕྲག་ལ་ཁུར་ནས་མི་མཐོང་ཤེལ་གྱི་ཕོ་བྲང་གི་མདུན་དུ་ཁྲིད། ཕོ་བྲང་དེ་ནི་ཤེལ་གྱི་རི་རབ་ཀྱི་རྩེ་མོ་ན་བཞེངས་ཡོད་པས། གསར་བུས་ཐབས་མང་པོ་སྤྱད་ཀྱང་ཤེལ་གྱི་རི་རབ་སྟེང་བགྲོད་མ་ཐུབ། དེ་ནས་གསར་བུ་འུ་ཐུག་ནས་རི་འདབས་ནས་ཁང་བ་ཞིག་ལས་ཏེ་བསྡད།
      དུས་ཡུན་རིམ་གྱིས་འདས་སོང། མིག་རྡེབ་དབང་ཙམ་ལ་ལོ་གཅིག་འགོར། ཉིན་ཞིག་ལ། རི་འདབས་ན་མི་ཡ་མཚན་གསུམ་གྱིས་འཁོན་འཛིང་བྱེད་བཞིན་ཡོད། ཁོས་མཚར་སྣང་དང་བཅས་དེ་ཚོར་བར་འདུམ་བྱས་ཤིང་རྒྱུ་མཚན་དྲིས་པ་ན། མ་གཞིར་ཁོ་ཚོའང་མི་མཐོང་ཤེལ་གྱི་ཕོ་བྲང་གི་སྲུང་དམག་ཡིན་ལ། ཁོ་ཚོ་རེ་རེར་རིན་པོ་ཆེའི་ལག་ཆ་རེ་ཡོད་ཅིང༌། ལག་ཆའི་བཟང་ངན་ལ་མ་འཆམ་པར་འཁོན་འཛིང་བྱུང༌། རིན་པོ་ཆེའི་ལག་ཆ་དེ་དག་ནི། ཀུན་འབྱེད་བེར་ཤིང་དང་མི་མཐོང་ཞྭ་མོ། བྱ་འཕུར་གྱི་ལིང་བཅས་རེད། ཀུན་འབྱེད་བེར་ཤིང་དེས་བསྣུན་པ་ཙམ་ཀྱིས་སྒོ་ཅི་ལྟ་བུ་ཡིན་ཡང་རང་འགུལ་གྱིས་འབྱེད་པ་དང༌། མི་མཐོང་ཞྭ་མོ་གྱོན་ཚེ། གཞན་གྱིས་མཐོང་མི་ཐུབ་ལ།བྱ་འཕུར་གྱི་ལིང་ལ་ཞོན་ན་བགྲོད་མི་ཐུབ་པའི་གནས་ཤིག་མེད། གསར་བུའི་སེམས་ལ་དགའ་སྤྲོས་ཁེངས་ནས་གནམ་རྒན་མས་ང་ལ་རོགས་བྱེད་པ་མིན་ནམ་ཅི་བསམ་བཞིན་ན་རེ། ཨ་ཙེ། ང་ཡིད་མི་ཆེས། འཇིག་རྟེན་ན་འདི་ལྟ་བུའི་རིན་པོ་ཆེ་ཡོད་སྲིད་དམ། ངས་ཁྱོད་ཆོའི་རིན་པོ་ཆེའི་བདེན་རྫུན་ལ་བརྟག་དགོས་ཟེར། མི་ཡ་མཚན་གསུམ་པོས་རིན་པོ་ཆེའི་ལག་ཆ་གསུམ་པོ་ཁོ་ལ་སྤྲད་དེ་ཚོད་ལྟ་བྱེད་དུ་བཅུག ཁོས་ཀུན་འབྱེད་བེར་ཤིང་ལག་ཏུ་བཟུང་བ་དང་བྱ་འཕུར་གྱི་ལིང་ལ་ཞོན་ཞིང༌། མི་མཐོང་ཞྭ་མོ་མགོ་ལ་གྱོན་མ་ཐག་མི་སྣང་བར་གྱུར།
      གསར་བུ་བྱ་འཕུར་གྱི་ལིང་ལ་ཞོན་ནས་ཤེལ་གྱི་རི་རབ་ཀྱི་རྩེ་མོར་འགོས་ཤིང༌། ཀུན་འབྱེད་བེར་ཤིང་གིས་ཕོ་བྲང་གི་སྐོ་ཕྱེ་ནས་ནང་དུ་སོང༌། སྲས་མོས་ཕོ་བྲང་གི་སྒེའུ་ཁུང་འགྲམ་ན་མིག་མཆི་མ་ཤ་ལེར་ཕྱི་རུ་བལྟས་འདུག གསར་བུས་མི་མཐོང་ཞྭ་མོ་གྱོན་ཡོད་ཕྱིར་སྲས་མོས་མ་མཐོང༌། ཁོ་རང་སྲས་མོའི་མདུན་དུ་སོང་སྟེ། མཛུབ་དཀྲིས་སྲས་མོའི་པང་ལ་གཡུགས། སྲས་མོས་དེ་མ་ཐག་མཛུབ་དཀྲིས་དེ་ངོས་ཟིན།སྐབས་དེར། ཁོས་མི་མཐོང་ཞྭ་མོ་ཕུད་ནས་རྒྱལ་པོའི་སྲས་མོའི་མདུན་དུ་ལྷང་དེར་ཕྱིར་མངོན་བྱུང༌། སྲས་མོ་ཡུག་ཅིག་ལ་ཧད་དེ་བསྡད་པ་དང༌། ཅང་མ་འགོར་བར། གཉིད་ལས་སད་པ་བཞིན་ཁྱེད་རང་ཕེབས་ཨང་ཟེར་བཞིན་གསར་བུའི་པང་ལ་མཆོངས་སོང༌།
      རྗེས་སུ། གསར་བུ་དང་རྒྱལ་པོའི་སྲས་མོ་གཉིས་གཉེན་བསྒྲིགས་ནས་འཚོ་བ་སྐྱིད་པོ་རོལ་ནས་བསྡད།
      གྲོགས་པོ་ཆུང་ཆུང་ཚོ། གལ་ཏེ་གཞན་ལ་དཀའ་ངལ་ཡོད་ཚེ། ཁྱོད་ཀྱིས་དེ་ལ་རོགས་རམ་བྱེད་དམ། དོན་དམ་པས་བཤད་ན་གཞན་ལ་རོགས་རམ་བྱེད་པ་ནི་ཡ་རབས་ཀྱི་ཀུན་སྤྱོད་ཅིག་ཡིན་པ་མ་ཟད། རང་སེམས་ལ་ཕན་ཞིང་སྣང་བ་སྐྱིད་པའི་དགེ་བའི་ལས་ཤིག་ཀྱང་ཡིན། དེ་མིན། དོན་དག་ཅི་ཞིག་ཡིན་ཡང༌། ལེགས་འགྲུབ་འབྱུང་བར་གསང་བའི་མན་ངག་ཡོད་མི་སྲིད་པར། རྒྱུན་འཁྱོངས་བྱེད་རྒྱུ་ནི་ཐབས་མཆོག་གཅིག་པུ་ཡིན། དོན་དག་ཆེ་ཆུང་གང་ཡིན་པ་དང་དཀའ་མིན་གང་ཡིན་རུང༌། བརྩོན་པའི་རྒྱུན་མ་ལྷོད་ཚེ། ལེགས་འགྲུབ་ཡོང་དེས་ཡིན།
      མཁས་པའི་ལེགས་བཤད་ལའང༌། །བློ་དང་བརྩོན་འགྲུས་ཡོད་གྱུར་པ། །དེ་ཡིས་བསྒྲུབ་པར་མི་ནུས་གང༌། །སྒྲ་ངན་དཔུང་ཚོགས་བཅུ་གཉིས་པོ། །སྐྱ་བསེང་བུ་ཡིས་བཅོམ་ཞེས་ཐོས། །ཅེས་གསུངས།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号