ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །འཇུ་རྟ་ཡུ་རིང༌།
སྤེལ་དུས།03-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      གནའ་སྔ་མོ་ཞིག་ལ། རྒྱལ་ཁབ་ཅིག་ན་དམག་མི་དཔའ་ངར་ལྡན་པ་ཞིག་ཡོད། དམག་འཁྲུག་ཁྲོད་ཁོས་བྱས་རྗེས་གང་མང་བཞག་མྱོང༌།
      ལོ་མང་འགོར་རྗེས། ཁོ་རང་དམག་ཁོངས་ལས་ཕྱིར་བུད། ཁོ་དམག་ལ་མཁས་པ་ལས་གཞན་ཅི་ཡང་མི་ཤེས་པས། གནས་གཏན་ཆགས་ཤིག་མེད་པར་གང་སར་འཁྱམས། སྐབས་ལན་རེར་བཀྲེས་ལྟོགས་ཀྱིས་མནར་དུས་སློང་མོ་བྱས་ནས་འཚོ་བ་སྤྱོད་ཐབས་བྱས།
      ཉིན་དེར། ཁོ་རང་ཡུན་རིང་ཞིག་ལ་སོང་མཐར། ནགས་ཚལ་ཆེན་པོ་ཞིག་ལ་ཕྱིན། དེ་རུ་ཁོ་གཟབ་འཆོར་སྤྲས་པའི་རྔོན་པ་ཞིག་དང་ཕྲད། ཁོས་རྔོན་པ་འཕྱོར་སྒེག་ཅན་དེའི་མདུན་བསུས་ནས་ན་རེ། ཀྱེ། ཁོ་རེ་གྲོགས་པོ་ལགས། ཁྱོད་ཀྱི་རྐང་མགོའི་འཇུ་རྟ་དེ་ངོ་མའི་ཡག་པོ་ཞིག་རེད། ཡིན་ནའང༌། དེ་འདྲ་གོ་ཆོད་ཅིག་མིན་པར་གྱོན་ཡུན་རིང་མི་སྲིད། ཁྱོད་ཀྱིས་ལྟོས་དང༌། བདག་གི་རྐང་གི་འདི། གླང་ཆེན་གྱི་ཀོ་བས་བཟོས་པ་རེད། ཤིན་ཏུ་སྲ་མོ་ཡིན་ཟེར་བཞིན་ལག་པས་རང་གི་འཇུ་རྟ་ཡུ་རིང་ལ་བྱིལ་བྱིལ་འགའ་བྱས། ཁོ་གཉིས་ཀས་ཁ་བརྡ་བྱེད་ཞོར་དུ་ཡུན་རིང་ལ་སོང་རྗེས། ནགས་ཚལ་ཆེན་པོའི་ཁྲོད་ཁ་ཕྱོགས་ནོར་སོང༌། ཉི་མ་ནུབ་ནས་མཚན་མོར་བསླེབས། ཁོ་གཉིས་ད་དུང་ནགས་ཚལ་ལས་ཕྱིར་འབུད་མ་ཐུབ། ནགས་ཚལ་གྱི་མཚན་མོ་ནི་གནམ་ས་ཁ་འཕྲོད་པ་ཇི་བཞིན་མུན་ནག་གིས་བསྒྲིབས་ནས་དབུགས་ཀྱང་རྔུབ་དཀའ། ཐག་མི་རིང་ས་ན་གཅན་གཟན་འཕར་སྤྱང་གིས་མིག་གཉིས་ལས་འཇིགས་རྔམ་གྱི་འོད་ལྗང་ཁུ་འཕྲོ་བཞིན་འཇབ་ནས་ཁོ་གཉིས་ཀྱི་རྗེས་དེད་དེ་གླགས་འཚོལ་བ་དང༌། སྐབས་སྐབས་སུ་གཏུམ་དྲག་གི་གཅན་གཟན་ངག་གིས་སྐྱི་གཡའ་བའི་ང་རོ་བསྒྲགས། ཁོ་གཉིས་ཀྱིས་ལག་ཉོབ་བྱེང་ཀྱིན་མུ་མཐུད་དུ་མདུན་ནས་མདུན་དུ་བསྐྱོད། སྟབས་ལེགས་པ་ལ། དམག་མི་སྔོན་ཆད་དམག་ཁོངས་ནས་ཡོད་དུས་རྟག་པར་མཚན་མོ་ཕྱི་ནས་ལས་འགན་བསྒྲུབ་དགོས་པ་དང༌། དམག་ཁོངས་ལས་ཕྱིར་བུད་པའི་རིང་ལའང༌། གར་འདུག་མེད་པར་ཉིན་མཚན་དབྱེར་མེད་དུ་གང་སར་འཁྱམས་པས། སྔ་མོ་ནས་མཚན་མོའི་མུན་པར་གོམས་པ་རེད། རྔོན་པ་འཕྱོར་སྐེག་ཅན་ཐང་ཆད་དྲགས་པས་འཁུན་སྒྲ་འབྱིན་བཞིན་དམག་མི་ལ། ཨ་ཁུ་ལོ་ལོ། བདག་ཐང་ཆད་ནས་ཤི་ཐལ། འུ་གཉིས་ཀྱིས་འདི་ནས་སང་ཉིན་ཉི་མ་ཤར་བར་བསྒུག་ཡ།མ་མཐའ་ཡང་འདི་ནས་ངལ་གསོ་ཞིག་བྱ་ཟེར་བཞིན་སར་ཙོག་རྩིས་བྱས། དམག་མིའི་སེམས་ལ་ཡུན་རིང་ལ་སོང་ནས་ཐང་ཆད་དྲགས། གལ་ཏེ་བསྐྱོད་མཚམས་བཞག་ནས་ངལ་གསོས་ཚེ། དེ་མ་ཐག་གཉིད་སྟུག་པོར་ཡུར་འགྲོ་ཞིང༌། གཉིད་ལ་ཡུར་ཚེ། གཅན་གཟན་འཕར་སྤྱང་དག་གི་ཁ་ཟས་སུ་འགྱུར་བར་ཐེ་ཚོམ་མེད་སྙམ་ནས། རྔོན་པ་འཕྱོར་སྒེག་ཅན་གྱི་ལག་མགོ་ནས་བཟུང་སྟེ་སྐད་ཅིག་ཉིད་ལའང་མ་བཏང་བར། འདྲུད་མ་འཐེན་གྱིས་མདུན་ནས་མདུན་དུ་བསྐྱོད།
      དུས་ནི་ཅི་ཙམ་འདས་པ་མི་ཤེས་མོད། ཡུན་རིང་བོར་སོང་རྗེས།ཐག་རིང་ནས་སྒྲོན་མེའི་འོད་སྣང་མག་མོག་ཅིག་མཐོང་བྱུང༌། ཁོ་གཉིས་དགའ་དྲགས་མྱུར་དུ་སོང་ནས་བལྟས་ཚེ། མ་གཞིར་དེ་ནི་རྡོ་བརྩིགས་ཁང་བ་ཆུང་ཆུང་ཞིག་རེད། ཁོ་གཉིས་ཀྱིས་སྒོ་བརྡུངས་པ་ན།ཨ་ཕྱི་རྒན་མོ་ཞིག་གིས་སྒོ་ཕྱེ། དམག་མི་ན་རེ། ཨ་ཕྱི་ལགས། དེད་གཉིས་ལ་གནས་ཚང་ཞིག་གཡར་ན་ཆོག་གམ། སང་ཉིན་ནངས་སྔ་མོ་དེད་གཉིས་ལམ་ལ་ཆས་དེས་ཡིན་ཞེས་དྲིས་པ་ན། ཨ་ཕྱི་རྒན་མོས་ལག་པ་འཕྲེད་དུ་གཡུགས་ནས་མི་ཆོག་གཏན་ནས་མི་ཆོག ཨ་མའི་ལོ་ལོ་གཉིས། ཁྱོད་གཉིས་ཡོང་ས་འཆུག་སོང༌། འདི་ནི་ཇག་ཁང་ཞིག་ཡིན།ཇག་པ་ཚོ་ཕྱིར་སླེབ་ན་ཁྱོད་གཉིས་ཀ་གསད་འགྲོ་ཟེར། དམག་མིས་ཅིར་མི་སྣང་བའི་རྣམ་འགྱུར་ཞིག་བསྟན་ནས། ཇག་ཁང་རེད་ཟེར་བ་ཐོས་འཕྲལ་འདུག་འདོད་མེད་པའི་རྔོན་པ་བཙན་གྱིས་འཐེན་ནས་ནང་དུ་དྲུད་སོང༌། ཨ་ཕྱི་རྒན་མོས་ཁོ་གཉིས་ལ་སྙིང་རྗེ་ནས་ཁོ་གཉིས་མེ་ཐབ་རྒྱབ་ཏུ་སྦས།
      ཅང་མ་འགོར་བར། ཇག་པ་བཅུ་གཉིས་ཀྱིས་འུར་རྒྱག་ཞོར་དུ་ནང་དུ་འོངས་ཏེ། གཞན་ནས་རྐུ་འཕྲོག་བྱས་པའི་རྒྱུ་རྫས་ཕྱོགས་གཅིག་ཏུ་སྤུངས་ཤིང༌། ཟས་ཞིམ་པོ་གང་མང་བཤམས་ནས་རྒྱས་ཟ་རྒྱས་འཐུང་བྱས། ཟས་ཀྱི་དྲི་ཞིམ་འཐུལ་པས་དམག་མིས་བཟོད་བསྲན་བྲལ།ཁག་ཅི་ཡོད། ཁོས་ཉིན་གཉིས་ལ་ཟས་ཁམ་གང་ཡང་ཟོས་མེད། དམག་མིས་བསྲན་མ་ཐུབ་པར་གློ་ལུད་ཅིག་བྱས། ཇག་པ་ཚོས་མེ་ཐབ་རྒྱབ་ཀྱི་ཁོ་གཉིས་མཐོང་ནས། ཧད་དེ་ཧང་འཐོར་བ་བཞིན་སྐད་ཆ་ཚིག་གཅིག་ཀྱང་ཤོད་མ་ནུས། དམག་མིས་སྲོག་དགོས་ལ་ལྟོའང་དགོས། ལྟོ་མེད་པས་སྲོག་ཇི་ལྟར་སྲུང་ཞེས་ཁེར་བཤད་རྒྱག་གིན་ཕྱི་རུ་འོངས་ཏེ། ཁ་གདངས་ཤིང་མིག་བགྲད་ནས་ཁོར་བལྟས་འདུག་པའི་ཇག་པ་ཚོའི་དཀྱིལ་ནས་ཙོག་པུར་བསྡད་དེ། ཁོ་ཚོའི་ཁ་ཟས་ཞིམ་པོ་དེ་དག་ཟ་ཐུབ་ཐུབ་བྱས། ཟ་ཞོར་དུ་ད་དུང་ཁ་ཕྱིར་འཁོར་ནས་ཀུ་རེ་དང་བཅས་རྔོན་པ་ལ། ཁོ་རེ། གྲོགས་པོ་འཕྱོར་སྒེག་ཅན། ཕྱིར་ཕེབས། ཕྱིར་ཕེབས་དང༌། ཟས་ཞིམ་པོའི་སྟོན་མོ་འཐུང་རྒྱུ་ཡོད། རེམ་ཡ་ཟེར།
      དམག་མིས་འགྲངས་ཚད་པ་ཞིག་ཟོས་མཐར། ད་དུང་སིལ་ཆང་དཀར་ཡོལ་གཉིས་བླུགས་ནས་རྔོན་པ་དང་མཉམ་འཐུང་བྱས་རྗེས། ལག་ཉོབ་ཅིག་བྱས་ཏེ། ཇག་པ་ཞིག་གི་སྐེད་ཀྱི་གྲི་རིང་ཕྲོགས་ནས་ན་རེ། ཁོ་རེ། གྲོགས་པོ་ཚོ། ཁྱོད་ཚོས་ཁ་ཟས་སྦྱིན་པར་བཀའ་དྲིན་ཆེ། ད་ནི་ཐུཀས་རྒྱལ་མི་བཞེངས་པར་མཁྱེན། ཁ་གདོངས། ལག་པས་མགོ་སྐྱོར། མ་འགུལ་བར་དྲང་མོར་སྡོད་ཅིག་ཟེར། ཇག་པ་དེ་ཚོས་དམག་མིའི་སྙིང་སྟོབས་དང་དཔའ་ངར་གྱི་གཟིའི་འགྲན་ཡ་མ་ཡོང་བར། མཛེར་མས་གདབ་པའི་ཤིང་གཏུན་ཞིག་དང་འདྲ་བར་ས་དེ་ནས་འགུལ་ཙམ་ཡང་བྱེད་མ་ནུས། དམག་མི་དང་རྔོན་པ་འཕྱོར་སྒེག་ཅན་གཉིས་ཀྱིས་མུ་མཐུད་དུ་རྒྱགས་ཆད་པ་ཞིག་འཐུང་རྗེས། ཇག་པ་དེ་ཚོ་རེ་རེ་བཞིན་ཐག་པས་རིལ་ལི་ལི་ཞིག་བཀྱིགས་ནས་ཐག་མི་རིང་སའི་དཔོན་གཞུང་ལ་སྤྲད་དེ་བཙོན་དུ་བཅུག
      དེ་ནས་ཁོ་གཉིས་ཀ་མུ་མཐུད་དུ་ལམ་ལ་ཆས་ནས་རྫོང་མཁར་མང་པོ་བརྒྱུད་ནས་སོང༌། ཉི་མ་བདུན་གསུམ་ཉེར་གཅིག་རིང་དཀའ་ལས་དང་ལྟོགས་སྐོམ་གང་མང་མྱངས་རྗེས། མཐར་རྒྱལ་མཁར་ལ་བསླེབས།
      མཁར་གྱི་ཕྱི་སྒོར་ཐོན་པ་ན། ལམ་འགྲམ་གཉིས་སུ་མི་མང་པོས་བསྟར་ཕྲེང་བསྒྲིགས་ནས་དགའ་འབོད་སྒྲོག་གིན་མཆིས། དམག་མི་ཡ་མཚན་སྐྱེས་ནས། ཨ་ཙེ། མི་འདི་འདྲ་མང་པོ་ཚོགས་ནས་འདི་ན་ལྟད་མོ་ཅི་མཆིས་ཞེས་དྲིས་པ་ན། རྔོན་པ་འཕྱོར་སྒེག་ཅན་ན་རེ། ཁོ་ཚོས་རང་གི་རྒྱལ་པོ་ལ་དགའ་བསུ་བྱེད་ཀྱིན་ཡོད། ཁོ་ཚོའི་རྒྱལ་པོ་རྒྱལ་མཁར་དང་བྲལ་ནས་ཉིན་མང་པོ་འགོར་སོང༌། ད་ལྟ་ཕྱིར་ལོག་པ་རེད་ཅེས་སྨོས། དམག་མིས་ཡར་ལྟ་མར་ལྟ་བྱེད་ཀྱིན་ཨ། ཨ། རྒྱལ་པོ་ཨེ། རྒྱལ་པོ་གང་ན་ཡོད། ང་ཡིས་མ་མཐོང་ཟེར། རྔོན་པ་འཕྱོར་སྒེག་ཅན་གྱི་གདོང་ལ་འཛུམ་ཞིག་ལངས་ནས་ན་རེ། རྒྱང་ལ་མ་བལྟ་གམ་ལ་ལྟོས།རྒྱལ་པོ་ཁྱོད་ཀྱི་གམ་ན་འདུག་ཟེར་ནས། རྔོན་པའི་ཕྱི་གོས་ཕུད་པས།བརྗིད་ཅིང་སྒེག་པའི་རྒྱལ་པོའི་རྒྱལ་ལྭ་ཕྱིར་མངོན། ད་ཐེངས་དཔའ་ངར་ཅན་གྱི་དམག་མི་ཁ་གདངས། མིག་བགྲད། ཧང་འཐོར་དགོས་བྱུང༌། ཡུད་ཙམ་ནས་ཁོས་རང་གི་ཐོད་པར་ཐལ་ལྕག་གིས་གཅིག་བརྒྱབ་རྗེས། དེ་མ་ཐག་པུས་མོ་སར་བཙུགས་ནས། རྒྱལ་པོ་རིན་པོ་ཆེ།ཉིན་འདི་འགར་ང་ཡིས་ཁྱེད་ཉིད་ལ་ཕོག་ཐུག་བཏང་ཚེ། གུ་ཡངས་གནང་རོགས་ཞེས་དགོངས་དག་ཞུས། རྒྱལ་པོའི་གདོང་ལ་སྙིང་ཉེ་བའི་འཛུམ་ཞིག་ལངས་ཤིང་མིག་ཟུང་ནས་བཅོས་མིན་གྱི་མཆི་མ་འཁོར་བཞིན་མྱུར་དུ་དམག་མི་ཡར་བསྐྱོར་ཏེ་ན་རེ། གྲོགས་པོ་ལགས། རྔོན་པ་འཕྱོར་སྒེག་ཅན་གྱིས་རི་དྭགས་མ་སོད་མོད། རྒྱལ་པོ་བསོད་ནམས་ཅན་གྱིས་རྙེད་དཀའ་ཞིང་དཔའ་ངར་ཅན་གྱི་བློས་ཐུབ་གྲོགས་མཆོག་ཅིག་རྙེད་བྱུང་ཞེས་སྨོས། རྒྱལ་པོས་དམག་མི་རང་གི་སྐུ་སྲུང་དམག་གི་རུ་དཔོན་ལ་བསྐོས།
      དེ་ནས་བཟུང༌། དཔའ་ངར་ཅན་གྱི་དམག་མི་དེ་གང་སར་འཁྱམས་མི་དགོས་པར་རང་གི་དཔའ་རྩལ་ངོམ་པའི་གོ་སྐབས་ཡོད་པར་གྱུར་ལ། ཚེ་གང་བོར་རྒྱལ་པོའི་སྐུ་སྲུང་རུ་དཔོན་བྱས་ཤིང༌། རྒྱལ་པོའི་ཆེས་སྙིང་ཉེ་བའི་གྲོགས་པོ་དམ་པར་གྱུར།
      གྲོགས་པོ་ཆུང་ཆུང་ཚོ། མི་ཚེའི་འཚོ་བའི་ཁྲོད། མི་རེ་རེའི་འཚོ་བའི་རོལ་སྟངས་ཁ་ཁ་སོ་སོ་ཡིན་ཞིང༌། འཚོ་བའི་ཐབས་ལམ་ཡང་རང་རང་སོ་སོ་ཡིན། ཐབས་ལམ་གང་ཡིན་ཡང༌། མཐའ་མཇུག་གི་དམིགས་ཡུལ་ནི་ལེགས་འགྲུབ་ཡོང་བ་དེ་རེད། གནད་འགག་ནི་ཁྱོད་ཀྱིས་ཇི་ལྟར་རང་ལ་འཚམས་པའི་ལམ་ཞིག་གདམ་རྒྱུ་དེ་རེད། མི་སུ་དང་སུ་ཡིན་ཡང་རང་ཁོ་ནར་གཏོགས་པའི་དགེ་མཚན་རེ་ཡོད་སྲིད་པས། ནམ་རྒྱུན་རང་གི་དགེ་མཚན་འདོན་སྤེལ་བྱེད་མཁས་པར་བྱས་ནས་འབད་པ་ལྷོད་མེད་བྱས་ཚེ། མཐའ་མར་ལེགས་འགྲུབ་འབྱུང་བར་གདོན་མི་ཟ།
      མཁས་པའི་ལེགས་བཤད་ལའང༌། མཁས་པ་ཇི་ལྟར་ཐབས་བརྡུགས་ཀྱང༌། །བླུན་པོ་འཇུག་པའི་ལམ་མི་འགྲོ། །ཆར་སྡོད་བྱིའུ་སྐོམ་ན་ཡང༌། །ས་ལ་འབབ་པའི་ཆུ་མི་འཐུང༌། །ཞེས་གསུངས།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号